ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཅན་ཅུན་མགོ་ལོག་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་མགོ་ལོག་འཐུས་ཚབ་ཚོགས་པའི་ནང་ཕེབས་ཏེ། འཐུས་མི་དང་མཉམ་དུ་འབྲེལ་ཡོད་ཀྱི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་མགོ་ལོག་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་ལ་གཏིང་ཟབ་སྒོས་བསམ་བློ་བརྗེ་རེས་གནང་།

གྲོས་ཞིབ་ཁྲོད་འཐུས་མི་ཀྲང་ཞའོ་ཅུན་དང་བསོད་ནམས་རྡོ། ཝང་ཧྲིན་ཏུང་། ཉི་མ་སྐྱིད་སོགས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་བྱ་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་སྐྱེ་ཁམས་འབྲོག་ལས་ཚུལ་སྒྱུར་རིམ་སྤོར། སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་སྤེལ་དང་གཞི་རིམ་གྱི་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཧུར་ཐག་གིས་གཏམ་བཤད་སྤེལ་ཞིང་། ཝང་ཅན་ཅུན་གྱིས་ནན་ཏན་སྒོས་གསན་རྗེས། འཐུས་མི་རྣམས་དང་མཉམ་དུ་གྲོས་བསྡུར་གནང་ནས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པོ་བྱུང་།

ཝང་ཅན་ཅུན་གྱིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྙན་ཞུའི་ནང་ཏང་ཨུའི་བླང་བྱ་ལག་བསྟར་དང་བཅའ་ཁྲིམས་ཀྱི་འགན་འཁྲི་དཀྲིས་པ། རང་ངོས་འཛུགས་སྐྱོང་ལ་དམ་འཛིན་བཟང་པོ་བྱས་པ་དང་། ཕྱོགས་སྡོམ་བཀོད་སྒྲིག་བྱ་བ་ཁྱོན་ཡོངས་ལ་དམིགས་པ་དང་བརྒྱུད་རིམ་ལྡན་པ། གནད་དུ་འཁེལ་བ་བཅས་ཡིན་པ་མ་ཟད། ཆབ་སྲིད་དང་དམངས་གཙོ། བཅའ་ཁྲིམས། དམངས་འཚོ་བཅས་ཡོད་པ་ནི་དངོས་སྒྲུབ་གསར་གཏོད་དང་། འགན་འཁྲི་ཁག་ཁུར། དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་པའི་སྙན་ཞུ་ལེགས་པོ་ཞིག་ཡིན། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་དོན་ལག་བསྟར་བྱས་ཏེ། འགན་ནུས་ལ་གཞི་ཚུགས་པ་དང་སོ་སོར་གཙོ་གནད་ཡོད་པས། ཆབ་སྲིད་ཀྱི་ཁྲིད་སྟོན་མངོན་གསལ་དོད་ལ་ཁྲིམས་ཀྱི་སྐད་ཆ་བཤད་པ་དང་། འདྲ་མཉམ་དང་དྲང་བདེན་མཐའ་འཁྱོངས། དམངས་ཆེད་ཁྲིམས་འཛིན་ཁོང་དུ་ཆུད་པ། ཁྲིམས་ལྟར་བྱ་བ་བསྒྲུབས་པ། རང་ངོས་འཛུགས་སྐྱོང་ལ་མཐོང་ཆེན་བཅས་བྱས་ཡོད་པས། ང་འཐུས་མི་ཞིག་ཡིན་པའི་ངོས་ནས་ཧ་ཅང་མོས་མཐུན་ཡོད་ཅེས་བརྗོད། 

ཝང་ཅན་ཅུན་གྱིས་གསུངས་རྒྱུར། ཁོང་གིས་སྐབས་གསར་པའི་མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྐབས་རིམ་བྱུང་གི་ཚན་ཁག་གིས་བཏིང་བའི་སྲ་ཞིང་བརྟན་པའི་རྨང་གཞིའི་སྟེང། མུ་མཐུད་འབད་འཐབ་བྱས་ཏེ་མགོ་ལོག་གི་བྱ་བ་ལེགས་པར་བསྒྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས་ནས། ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་སྲ་བརྟན་དུ་གཏོང་བར་མི་རིགས་སོ་སོས་ཐུན་མོང་སྒོས་གསར་འབྱེད་བྱས་པ་དང་། ཡུན་རིང་བའི་ལོ་རྒྱུས་ནི་མི་རིགས་སོ་སོས་ཐུན་མོང་སྒོས་བརྩམས་པ་དང་། འོད་སྟོང་འཕྲོ་བའི་རིག་གནས་ནི་མི་རིགས་སོ་སོས་ཐུན་མོང་སྒོས་གསར་སྐྲུན། རླབས་ཆེན་སྙིང་སྟོབས་ནི་མི་རིགས་སོ་སོས་ཐུན་མོང་སྒོས་སྐྱེད་སྲིང་བྱས་པའི་འདུ་ཤེས་ཤིག་ཡིན་པས། དུས་རབས་གསར་པའི་མངའ་ཁོངས་ལེགས་པར་སྲུང་བ་དང་ལོ་རྒྱུས་མུ་མཐུད་དུ་རྒྱུན་འཛིན་བྱེད་པ་དང་། རིག་གནས་དར་རྒྱས་གཏོང་བ། སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ལེའུ་གསར་པ་རྩོམ་དགོས། ལྗང་མདོག་འཕེལ་རྒྱས་ཀྱི་འབྱུང་རྩ་གང་འགབ་ཅི་སྤྱོད་བྱས་ནས“མཐོ་ས”གཏོད་པ་དང“གནས་བཞི”བསྐྲུན་པར་དམིགས་ནས། ཁུལ་གྱི་གནས་ཚུལ་ལ་ངོས་འཛིན་གཏིང་ཟབ་དང་། རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ། རྩྭ་དང་བྱེ་ཐང་། འཁྱགས་རོམ་ལ་སྤྱི་འདོམས་བྱེད་པ། ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་བྱེད་པ། མི་མངོན་པའི་ལེགས་ཆའི་སྟོབས་ཤུགས་འདོན་སྤེལ་བྱེད་པ། ངེས་གནས་གནད་ལ་འཁེལ་བར་འཚོལ་བར་ལེགས་སྐྱེས་འབུལ་དགོས། སྤྱི་ཚོགས་འཚར་ལོངས་འབྱུང་བའི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་བཏང་ནས། སློབ་གསོ་དང་སྨན་བཅོས་སོགས་ཀྱི་བྱ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་བཟང་པོ་བྱེད་པ་དང་། ཆོས་ལུགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་དེང་རབས་དཔལ་ཡོན་གྱི་གྲུབ་འབྲས་གང་ལེགས་སྒོས་ལོངས་སྤྱོད་ཐུབ་པར་བྱེད་དགོས། འབྲོག་ཁུལ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ལ་ཞིབ་འཇུག་བྱས་ཏེ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དོ་སྙོམས་མིན་པ་དང་ཆ་མི་ཚང་བའི་གནད་དོན་སེལ་བ་འཚོལ་ཞིབ་བྱས་ཏེ་ལག་ལེན་གྱི་གྲུབ་འབྲས་སྔར་ལས་མང་བ་གཏོད་དགོས། ཞིང་ཕྱུགས་ལས་ཀྱི་རྩེར་སོན་ཐོན་རྫས་སྐྱེད་སྲིང་བྱེད་པར་ས་གནས་དེ་གའི་ལེགས་ཆར་གཞི་ཚུགས་པ་དང་། བྱ་བའི་བསམ་ཕྱོགས་སྒྱུར་བ། ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་བཟང་པོ་སྤྱོད་པ་བཅས་བྱས་ཏེ། ཞིང་ཕྱུགས་ལས་ནི་སྤུས་ཚད་མཐོན་པོ་ཅན་དང་རྩེར་སོན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། རྨ་སྟོད་ཀྱི་གནོད་ཤུལ་བསྐྱར་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་གཞི་གཅིག་ཏུ་ཇུས་འགོད་བྱེད་པ་དང་། མང་ཚོགས་ཀྱིས་འཚོ་བའི་འདུ་ཤེས་འགྱུར་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་པ། ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་དང་། ནུས་པ་སྔར་ལས་འཐུས་ཚང་བ། འཚོ་བ་སྔར་ལས་ལེགས་པ་བཅས་ཀྱི་ཁྱིམ་གཞིས་གསར་པ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས། ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་གསར་པ་གསར་གཏོད་བྱེད་པ་དང་། ཕྱོགས་སོ་སོའི་བསམ་བློ་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། ཁ་གཏད་རོགས་སྐྱོར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། ཁ་གཏད་རོགས་སྐྱོར་གྱི་མགོ་འཛུགས་ས་གསར་པའི་ཕྱོགས་སྐྱོད་པར་སྐུལ་འདེད་གཏོང་དགོས་པར་བརྗོད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།