ཀྲུང་གོ་བོད་ཀྱི་དྲ་བ།

ཁུང་ཡུང་གིས་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལས་སྟེགས་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁུང་ཡུང་ཞིང་ཆེན་ནད་ཡམས་ལྟེ་གནས་སུ་བསྐྱོད་ཅིང་ཞིང་ཆེན་རིམས་ནད་འགོག་སྡོམ་དོ་དམ་ལས་སྟེགས་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས། སྙན་ཞུར་ཉན་པ་དང་འཁྲབ་སྟོན་ལ་བལྟས་པ། འཛུགས་སྐྲུན་ཆེད་དོན་འཛིན་གྲྭའི་འགན་ཁུར་བློ་མཐུན་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་རྣམ་པ་བརྒྱུད་དེ། ལས་སྟེགས་འཛུགས་སྐྲུན་འཁོར་སྐྱོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པ་མ་ཟད། ལས་སྟེགས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བར་བཀོད་སྒྲིག་བྱས། 

ཁུང་ཡུང་གིས་བསྟན་དོན། མིག་སྔར་རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གནས་བབ་སྔར་བཞིན་རྙིག་འཛིང་ཛ་དྲག་ཆེ་བས། ཁྱབ་ཁོངས་བརྒལ་བ་དང་། སྡེ་ཁག་བརྒལ་བ། རིམ་པ་བརྒལ་བའི་ཞིང་ཆེན་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་ལས་སྟེགས་འཛུགས་སྐྲུན་བྱེད་པ་དེས། གནད་འཁེལ་དང་། ཚན་རིག་དང་མཐུན་པ། ཕན་ནུས་ཆེ་བའི་སྒོ་ནས་ཉེན་ཁ་ཆེ་བའི་མི་སྣ་གྲལ་བཤེར་དང་། རྒྱུ་འགྲུལ་ཁུངས་འཚོལ་སོགས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་བྱ་བ་སྤེལ་བར་དོན་སྙིང་གལ་ཆེན་ལྡན། རྒྱལ་ཁབ་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པའི་རྨང་གཞིའི་སྟེང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་ཐོན་ཉམས་མྱོང་ལ་དཔེ་བལྟ་བྱེད་པ་དང་། ཞིང་ཆེན་གྱི་གནས་བབ་དངོས་དང་ཟུང་འབྲེལ་བྱེད་ཅིང་། རྒྱུན་སྤྱོད་རང་བཞིན་དང་དུས་ཕན་རང་བཞིན། མཉམ་སྤྱོད་རང་བཞིན། བདེ་འཇགས་རང་བཞིན་བཅས་ཇེ་མཐོར་གཏོང་བར་དམ་པོ་དམིགས་པ། སྔར་ལས་ལྷག་པར་ཞབས་ཞུའི་བྱེད་ནུས་རྒྱ་སྐྱེད་ཅིང་ཕུན་སུམ་ཚོགས་པར་བཏང་སྟེ། ཞིང་ཆེན་རིམས་ནད་འགོག་སྡོམ་དོ་དམ་ལས་སྟེགས་འཛུགས་སྐྲུན་དང་། བེད་སྤྱོད། དོ་དམ། སྲུང་སྐྱོང་བཅས་ལེགས་པར་བྱེད་དགོས། 

ཁུང་ཡུང་གིས་ལས་སྟེགས་ཇུས་འགོད་ལེགས་པོ་བྱེད་པ་དང་། བྱེད་ནུས་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ། དུས་ལྟར་གཞི་གྲངས་གསར་སྤེལ་བྱེད་པ། རིམས་ནད་གནས་བབ་ཞིབ་འཇུག་བརྡར་གཅོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ཤིང་། ཆ་འཕྲིན་བསྡུ་ལེན་གྱི་ཚད་གཞི་བཟོ་བ་དང་། ཆ་འཕྲིན་ནང་འཇུག་ཁྱབ་ཁོངས་རྒྱ་སྐྱེད་པ། “མི་དང་དངོས་པོ། ཁོར་ཡུག”བཅས་མཉམ་འགོག་བློ་ཐག་རྦད་ཆོད་ཀྱིས་བྱེད་དགོས། “སྤྱི་དོན་གསུམ(ལས་ཀ)”གྱི་སྡེ་ཁག་གི་དགེ་མཚན་ཕུན་སུམ་ཚོགས་པར་འདོན་པ་དང་། ལས་དོན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྔར་ལས་ལྷག་པར་ཁྱབ་ཁོངས་མཐུན་སྦྱོར་བརྟག་དཔྱད་དང་འཁོར་རྒྱུག་གྲལ་བཤེར་གྱི་དུས་ལྟར་རང་བཞིན་མཐོར་འདེགས་སུ་གཏོང་བ་དང་། ལས་སྟེགས་ཀྱི་ཐོན་ཁུངས་བསྡུ་སྒྲིག་སྤྱི་འདོམས་བྱེད་པ་དང་བབ་བསྟུན་སྔོན་ཇུས་ཆ་ཚང་བཟོས་ཏེ། རིམས་ནད་འགོག་སྡོམ་གྱི“རྣམ་པ་བསྒྱུར་བའི”ནུས་པ་སྔར་ལས་མཐོར་འདེགས་དགོས། བདེ་འཇགས་དོ་དམ་འགན་འཁྲི་དངོས་འབེབས་བྱེད་པ་དང་། ལྟ་རྟོག་བརྟག་དཔྱད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དྲ་ལམ་ཤོང་ཚད་རྒྱ་སྐྱེད་པ། གཞི་གྲངས་བདེ་འཇགས་ངེས་པ་དོན་གྱིས་འགན་སྲུང་བྱས་ཏེ། ལས་སྟེགས་བདེ་འཇགས་དང་ཕན་ནུས་ཆེ་བའི་འཁོར་སྐྱོད་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།