ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པར་ཞུགས་མཁན་གྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཐོ་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220120091235.jpg

ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པར་ཞུགས་མཁན་གྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཐོ་བཀོད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པར་ཞུགས་མཁན་གྱི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་གཅིག་རྗེས་གཉིས་མཐུད་ངང་ཟི་ལིང་དུ་འབྱོར་ནས་ཚོགས་ཆེན་ལ་འབྱོར་ཐོ་བཀོད། མ་འོངས་པའི་ཉིན་འགའི་ནང་ཁོང་ཚོས་མཚོ་སྔོན་གྱི་མི་དམངས་ཁྲི592ཀྱི་རེ་སྒུག་ཟབ་མོ་དང་། “དམངས་ཀྱི་འབོད་སྒྲ”སེམས་སུ་ཉར་ཞིང་། “དམངས་ཀྱི་འདོད་བློ”འཆང་བ། རང་འགན་གཙང་སྒྲུབ་ཀྱིས་ཐབས་ཇུས་བཟང་པོ་འདོན་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱེད་ཀྱི་རེད།

ཐེངས་འདིའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུའི་རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཆུང་གི་ལས་དོན་མི་སྣ་མཱ་པིན་ཀྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག ཐེངས་འདིའི་ཚོགས་ཆེན་ཐོག་རིམས་འགོག་བྱེད་ཐབས་ནན་གྱིས་ལག་བསྟར་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ཚང་མས་པྲོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། སྡོད་གནས་སུ་འབྱོར་སྐབས། ལས་དོན་མི་སྣར་ཉིན14ནང་གི་དར་ཁྱབ་ཆེ་བའི་ནད་གཞིའི་གནས་ཚུལ་གྱི་རགས་བཤེར་རེའུ་མིག་དང་། དེ་བཞིན་གཟུགས་པོ་བདེ་ཐང་ཡིན་མིན་དང་ལམ་ཐིག་ཨང་རིས་སྟོན་དགོས་པ་མ་ཟད། ཐེངས་གཉིས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས། དེ་དང་ཆབས་ཅིག་རིམས་ནད་སྔོན་འགོག་དང་དུག་སེལ་ཆེད་མཁས་པ་ཚོགས་འདུར་བཅའ་སྡོད་བྱས་ཡོད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ཚན་ཆུང་གིས་དུས་ཐོག་ཏུ་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་དགོས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་དང་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་སྒྲིག་བཟོ་བྱས་ཡོད། ཚོགས་འདུའི་བརྒྱུད་རིམ་ཧྲིལ་པོར་སྒོ་བརྒྱབ་ནས་དོ་དམ་གྱི་ཐབས་སྤྱད་དེ། འཐུས་མི་རྣམས་གཅིག་སྡུད་ཀྱིས་ཞག་སྡོད་དང་། གཅིག་སྡུད་ཀྱིས་རླངས་འཁོར་ལ་འདུག་པ། གཅིག་གྱུར་གྱིས་ཟ་མ་ཟ་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་པར་བརྗོད། 

ཉིང་སྐྱུར་བརྟག་དཔྱད་དང་། རྒྱུ་ཆ་ལེན་པ། དཔང་ཡིག་ལེན་པ་སོགས་བྱས་ནས་འཐུས་མི་ཚོ་སྤྲོ་སེམས་རབ་ཏུ་འཁོལ་ཡོད་ལ། ཁོ་ཚོས་ལག་གི་དཔྱད་གཞིའི་ཡིག་ཆར་ལྟ་ཀློག་བྱེད་པ་དང་ཆབས་ཅིག  རང་སོ་སོའམ་ཡང་ན་ཐུན་མོང་གིས་དོ་ཁུར་བྱེད་པའི་གླེང་ཕྱོགས་མང་བའི་གནད་དོན་ཐད་རང་རང་གི་ལྟ་ཚུལ་བརྗོད།

ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཟི་ལིང་གྲོང་ཁྱེར་མཁར་དབུས་ཁུལ་ཙོང་ཀྲའེ་གྲོང་རྡལ་ཞ་ཞིས་ཀུའུ་གྲོང་ཚོའི་གྲོང་མི་ཅིང་ཧན་ཧོས་ཀྱིས་བཤད་རྒྱུར། “དབུལ་ཐར་འགག་སྒྲོལ་གྱི་ཁེ་ཕན་ལོངས་སུ་སྤྱད་ནས་ཕན་འབྲས་ཐོབ་མཁན་ཞིག་ཡིན་པའི་ངོས་ནས། ངས་ཚོགས་འདུའི་སྟེང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བ་སོགས་ཐད་ཀྱི་འབྲེལ་ཡོད་བསམ་འཆར་དང་གྲོས་གཞི་འདོན་པ་དང་། གཞི་རིམ་གྱི་བསམ་ཚུལ་ཡག་ཤོས་དང་མྱོང་ཚོར་ཟབ་མོ་བརྒྱུད་སྤྲོད་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་བྱ་གཞག་ལ་རིན་ཐང་ལྡན་པའི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་ཡིནཟེར། 

མི་དམངས་འཐུས་མི་ཚོགས་ཆེན་ལ་ཞུགས་མཁན་གྱི་འཐུས་མིས་མི་དམངས་མང་ཚོགས་ཀྱི“སྐད་ཁྱེར་བ”བཟང་པོ་ཞིག་བྱེད་པར་ཧུར་བརྩོན་དང་། མི་དམངས་དང་སྲིད་གཞུང་བར“སྦྲེལ་ཟམ་ཡག་པོ་འཛུགས་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་ཕུགས་འདུན་བརྒྱུད་སྤྲོད་ཡག་པོ་བྱེད་པ། རང་ངོས་ཀྱི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཚོགས་ཆེན་གྱི་གྲོས་རིམ་ལ་དམིགས་པ་དང་གྲོས་གཞི་དང་སྐད་ཆ་ཤོད་སྟངས་འཕེལ་རྒྱས་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད། རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།