མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ཤིང་། 2021ལོའི་བྱ་བར་སྤྱི་སྡོམ་བྱས་པ་དང་། 2022ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་མགོན་པོ་བཀྲ་ཤིས་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་མཛད། 

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། 2022ལོ་ནི་ང་ཚོའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་སྲིད་ཇུས་བཏོན་ནས་ལོ་འཁོར100ལོན་པ་ཡིན་ལ། “ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་བསུ་མ་བྱེད་པའི”གཙོ་ཐིག་འདིར་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དངོས་འབེབས་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི“རྩོམ་ཡིག་ཆེན་མོ”གསུམ་བཅས་སེམས་ཤུགས་གཅིག་སྒྲིལ་གྱིས་ལེགས་པོར་སྒྲུབ་པ། ཕྱོགས་ཡོངས་སྤྱི་འདོམས་ལྟ་རྟོག་དང་དྲང་སྲུང་གསར་གཏོད་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས། 

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་གསུང་དོན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པ་དང་། འཐབ་ཕྱོགས་གཅིག་གྱུར་ནི་ཐབས་མཆོག་ཅིག་ཡིན་པའི་འདུ་ཤེས་ངེས་པ་དོན་གྱིས་ཇེ་དྲག་ཏུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ནི་ཐབས་མཆོག་ཅིག་ཡིན་པའི་ནུས་པ་འདོན་སྤེལ་བྱེད་པ། ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ནས། སྲིད་ཞུགས་ཏང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། “བདེ་ཐང་གཉིས”ལ་སྐུལ་འདེད་གཏོང་བ་དང་། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་རོགས་སྐུལ་བྱེད་པ། གསར་གཏོད་ཀྱི་གསོན་ཤུགས་སློང་བ། སྤྱི་ཚོགས་ཀྱི་གྲལ་རིམ་གསར་པ་དང་ཏང་ཕྱིའི་ཤེས་ལྡན་མི་སྣའི་བྱ་བར་འཚོལ་ཞིབ་བྱེད་པ། རྒྱལ་ཕྱིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལེགས་པོར་སྒྲུབ་པ། རྒྱལ་ཕྱིའི་རྒྱལ་གཅེས་སྟོབས་ཤུགས་མུ་མཐུད་དུ་སྟོབས་ཆེར་གཏོང་བ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་ལེགས་པར་འཚོག་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དམངས་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། 

དབྱང་ཧྥིན་ཁྲུན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་ལྟར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཆུད་པ་བྱེད་པ་དང་། གཙོ་གནད་ལས་འགན་ལ་དམིགས་པ། ཁྱོན་ཡོངས་ནས་དངོས་འབེབས་ནན་མོར་འཛིན་པ། གཞི་རིམ་གྱི་རྨང་གཞི་བརྟན་པོར་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡུན་རིང་འཕེལ་རྒྱས་འགྲོ་བ་དང་དངོས་འབེབས་ལ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་བླང་བྱ་བཏོན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།