ཀྲུང་གོ་བོད་ཀྱི་དྲ་བ།

ཀྲང་ཀོང་རུང་གིས་ཞིབ་ཕྲའི་སྒོ་ནས་བྱ་བ་ཁག་བགོ་བ་དང་གཞོགས་འདེགས། དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་བསྣན་ནས་ཚོགས་ཆེན་བདེ་བླག་ངང་འཚོག་པར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས18ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་མཚོ་སྔོན་གྲོས་ཚོགས་ལྟེ་གནས་དང་མཚོ་སྔོན་མགྲོན་ཁང་སོགས་སུ་ཕེབས་ནས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བདུན་པའི་གྲ་སྒྲིག་བྱ་བར་ཞིབ་བཤེར་གནང་།

ཀྲང་ཀོང་རུང་དང་བཅས་པས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་རྗེས། སྔ་རྗེས་སུ་ཚོགས་ར་གཙོ་བོའི་གློག་འོད་དང་སྒྲ་སྒམ། གློག་མཁོ་འདོན། བརྡས་ཐག་གཅོད་ཆས་སོགས་ཀྱི་སྒྲིག་བཀོད་དང་། དེ་བཞིན་ཚོགས་རའི་ཉེ་འཁོར་གྱི་མེ་ཟོན་དང་བདེ་སྲུང་སྒྲིག་བཀོད། ཟ་འཐུང་དང་སྡོད་གནས་བཀོད་སྒྲིག བརྙན་འཕྲིན་ཐད་གཏོང་སོགས་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་ཕྲའི་ཞིབ་བཤེར་གནང་བ་མ་ཟད། ཚོགས་ཆེན་གྱི་གྲ་སྒྲིག་ཚན་ཆུང་གི་བྱ་བ་བསྒྲུབས་པའི་གནས་ཚུལ་སྙན་ཞུ་ལ་ཉན།

ཀྲང་ཀོང་རུང་གིས་གྲ་སྒྲིག་ཚན་ཆུང་སོ་སོར་ཚད་གཞི་སྔར་བས་མཐོ་བ་དང་བླང་བྱ་ནན་མོ་བཏོན་ནས། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབ་དགོས་པར་བརྗོད། གཅིག་ནི་ངོས་འཛིན་མཐོ་རུ་བཏང་ནས་བསམ་བློའི་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱེད་དགོས། ལོ་གཅིག་ཐེངས་གཅིག་གི“ཚོགས་འདུ་གཉིས”ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བརྟན་འཇགས་ཨང་དང་པོར་འཇོག་པ་དང་བརྟན་ཐོག་ཡར་འཕེལ་གྱིས་ཆབ་སྲིད་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ནས་ལྟ་སྟངས་ནན་མོ་འཛིན་དགོས། གཉིས་ནས་ཞིབ་ཕྲའི་གནས་ཚུལ་ལ་མཐོང་ཆེན་བྱས་ཏེ་ཚོགས་ཆེན་གྱི་བླང་བྱ་ཁག་གཞིར་བཟུང་ནས་ཞིབ་ཕྲའི་ལས་བགོས་བྱེད་པ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་བྱས་ཏེ། “འབྲེལ་མཐུད་ཆད་མེད”ཡོང་བར་འགན་ལེན་བྱེད་དགོས། གསུམ་ནས་མཐུན་སྦྱོར་འབྲེལ་གཏུག་ལ་ཤུགས་བསྣན་ནས་སྒྲིག་སྲོལ་དང་བླང་བྱ་ཁག་ལ་ནན་གྱིས་གཞིགས་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་དང་གཞོགས་འདེགས་ཀྱི་འདུ་ཤེས། ཞབས་ཞུའི་འདུ་ཤེས་བཅས་ཇེ་ཟབ་ཏུ་གཏོང་དགོས། བཞི་ནས་རིམས་ནད་འགོག་སྡོམ་གྱི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་དང་། “ལྷོད་གཡེང”སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་ཚོགས་ཆེན་ལ་བདེ་འཇགས་ཡོང་ཆེད་རྨང་གཞི་ཡག་པོ་འདིང་དགོས། ལྔ་ནས་སྒྲིག་ཁྲིམས་ཁག་གཟབ་ནན་དུ་གཏོང་བ་དང་། རྩ་དོན་རྒྱུན་འཁྱོངས། རྟོག་ཞིབ་ནན་མོ་བཅས་བྱས་ཏེ་ཚོགས་ཆེན“སྤྱོད་གཙང་གཞུང་དྲང”ཡོང་བར་འགན་ལེན་བྱེད་དགོས། དྲུག་ནས་མགོ་མཇུག་ཡོད་པའི་ངང་ཞབས་ཞུ་དང་དྲིལ་སྒྲོག ཚོགས་འདུའི་རྗེས་ཀྱི་ཕྱོགས་སྡོམ་སོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཚོགས་ཆེན་བདེ་བླག་ངང་འཚོག་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།