ཀྲུང་གོ་བོད་ཀྱི་དྲ་བ།

ཟི་ལིང་གནམ་གྲུ་ཐང་གིས2022ལོའི་དངོས་ཟོག་སྐྱེལ་འདྲེན་གྱི་མཁའ་ལམ་ཐོག་མ་ཤར་གཏོང་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས17ཉིན་གྱི་དུས་ཚོད22དང་སྐར་མ58སྟེང་། ཧྲུན་ཧྥིན་མཁའ་འགྲུལO3-7122མཁའ་འགྲུལ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་བབས་པ་དང་། དེས་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་གི2022ལོའི་དངོས་ཟོག་སྐྱེལ་འདྲེན་གྱི་མཁའ་ལམ་ཐོག་མ་དངོས་སུ་ཤར་གཏོང་བྱས་པ་མཚོན་པ་མ་ཟད། མཚོ་བོད་མཐོ་སྒང་ས་ཁུལ་གྱི་ཧྲུན་ཧྥིན་དངོས་ཟོག་སྐྱེལ་འདྲེན་མཁའ་ལམ་ཐོག་མར་ཤར་གཏོང་བྱས་པ་མཚོན། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཤར་གཏོང་བྱས་པའི་དངོས་ཟོག་སྐྱེལ་འདྲེན་ལམ་ཐིག་ནི་ཝུའུ་ལུའུ་མུའུ་ཆི་ནས་ཟི་ལིང་དང་དེ་ནས་ཧང་ཀྲོའུ་བར་གྱི་མཁའ་ལམ་ཡིན་པ་དང་། B757-200Fཅན་གྱི་དངོས་ཟོག་གནམ་གྲུ་འཕུར་བསྐྱོད་ཡིན་ལ། གཟའ་འཁོར་རེེར་འཕུར་ཐེངས7ཡོད་ཅིང་། དངོས་ཟོག་ཡོང་ཁུངས་གཙོ་བོ་ནོར་ལུག་གི་ཤ་སོགས་མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཡིན། མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱས་པ་དེས། ཧང་ཀྲོའུ་གཅིག་བསྡུ་ལྟེ་གནས་ཀྱི་ནུས་མཐོའི་སྡེབ་སྒྲིག་དང་། བྱང་ཤར་ས་ཁུལ་ལ་ཁེབས་པ། དེ་མྱུར་དུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་དངོས་ཟོག་གཏོང་བའི་དངོས་ཟོག་དྲ་རྒྱ་གྲུབ་ནས། མཚོ་སྔོན་ས་གནས་ཀྱི་ཁྱད་ལྡན་ཞིང་ཕྱུག་ཐོན་རྫས་སྐྱེལ་འདྲེེན་ཕན་ནུས་ཇེ་མགྱོགས་སུ་བཏང་སྟེ། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྔར་ལས་བདེ་འཇགས་དང་སྤུས་ལེགས། མགྱོགས་མྱུར་ངང་ཁྱིམ་ཚང་ཁྲི་སྟོང་ལ་སྐྱེལ་བར་བྱས་ཤིང་། ཟི་ལིང་གནམ་གྲུ་ཐང་གིས“ནུབ་ཕྱོགས་སུ་སྒོ་འབྱེད་དང་ཤར་དུ་གཅིག་བསྡུས། རྒྱལ་ཡོངས་སུ་ཁེབས་པའི”མཚོ་བོད་མཐོ་སྒང་གི་མཁའ་འགྲུལ་དངོས་ཟོག་སྐྱེལ་འདྲེན་ལྟེ་བའི་དགེ་མཚན་འབུར་དུ་བཏོད་ཡོད་པ་དང་། མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སི་དང་ཧྲུན་ཧྥིན་མཁའ་བསྐྱོད་ཚད་ཡོད་ཀུང་སི་བར་མཉམ་འབྲེལ་བྱས་ཏེ། མུ་མཐུད་དུ་ཕྱོགས་གཉིས་ཀྱི་ཐོན་ཁུངས་དགེ་མཚན་འདོན་སྤེལ་དང་། དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ལས་གཉེར་རྣམ་པ་འཐུས་ཚང་དུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་དངོས་ཟོག་ཐོན་ལས་རིམ་འཕར་གྱི་གྲུབ་འབྲས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

ཉེ་བའི་ལོ་འགའི་རིང་། ཟི་ལིང་གནམ་གྲུ་ཐང་སྡེ་ཚོགས་མཁའ་འགྲུལ་དངོས་ཟོག་ཚད་ཡོད་ཀུང་སིའི་མཚོ་སྔོན་ཡན་ལག་ཀུང་སིའི་རང་འགུལ་བྱེད་སྟངས་དང་དཀའ་བ་ཁྱད་དུ་བསད་དེ། སྔ་གཞུག་ཏུ་ཟི་ལིང་ནས་ཞི་ཨན་དང་། ཟི་ལིང་ནས་ནན་ཅིན། ཝུའུ་ལུའུ་མུའུ་ཆི་ནས་ཟི་ལིང་། ཧང་ཀྲོའུ་བཅས་ཀྱི་ལམ་ཐིག3གྱི་དངོས་ཟོག་མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མཁའ་འགྲུལ་དངོས་ཟོག་དྲ་རྒྱ་རྒྱ་སྐྱེད་དེ། རང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་མཁའ་འགྲུལ་དངོས་ཟོག་གི་སྟོབས་ཤུགས་ཕུལ། མཚོ་སྔོན་གནམ་གྲུ་ཐང་ཚད་ཡོད་ཀུང་སི་དང་ནུབ་རྒྱུད་གནམ་གྲུ་ཐང་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཡན་ལག་ཀུང་སིས་མུ་མཐུད་དུ་མཚོ་སྔོན་ས་གནས་ཀྱི་མཁའ་འགྲུལ་དངོས་ཟོག་ཚོང་རའི་སྒུལ་ཤུགས་སྔོག་འདོན་བྱས་ཏེ། མཁའ་འགྲུལ་ཀུང་སི་གཞན་དག་དང་མཐུད་སྦྲེལ་སྒོས། མཁའ་འགྲུལ་དངོས་སྐྱེལ་དྲ་རྒྱའི་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས། མྱུར་སྐྱེལ་ཁེ་ལས་སོ་སོ་དང་དངོས་སྐྱེལ་ཚབ་སྒྲུབ་མི་སྣའི་བར་གྱི་མཉམ་ལས་ལ་ཤུགས་བསྣན་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དུས་སྐབས་ཀྱི་མཚོ་སྔོན་མཁའ་འགྲུལ་དངོས་ཟོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་ལྗང་མདོག་བཅུད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གསར་སྐྲུན་བྱེད་པར་རོགས་འདེགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།