མཚོ་སྔོན་གྱི“མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”ལ་སླར་ཡང་ཁོངས་མི་གསར་པ་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས13ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་གསར་པའི་ནང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དགེ་མཚན་ལྡན་པའི་མཐུན་སྦྱོར་འོག་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གིས་རིན་ཐང་སྒོར་ཁྲི64ལྷག་གི“མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”5ཞལ་འདེབས་སུ་ཕུལ་ནས། དེའི་ནང་དྲོད་སྐྱིད་དང་གཅེས་སེམས་མཚོན་པར་བྱས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་མ་བུ་བདེ་སྲུང་སྨན་ཁང5དང་། མི་དམངས་སྨན་ཁང་། ཤང་གྲོང་འཕྲོད་བསྟེན་ཁང་བཅས་ཡོད། 

ད་ཐེངས་ཞལ་འདེབས་བརྒྱབ་པའི“མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”ནང་ད་དུང་མལ་ཁྲི་དང་གསོ་རླུང་། འཁྱེར་བདེའི་སྦྲུམ་མར་སྨན་བཅོས་ཡོ་བྱད་དང་། སྙིང་གནོན་འཕྲུལ་འཁོར། མྱུར་སྐྱོབ་སྒམ་སོགས་སྨན་བཅོས་རོགས་སྐྱོབ་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད་པས། ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་སྟབས་བདེའི་ཆ་རྐྱེན་བསྐྲུན་པ་དང་། ཞིང་ཆེན་གྱི་བུད་མེད་ཀྱི་བྱིས་པའི་བདེ་ཐང་ཆུ་ཚད་སྔར་བས་མཐོ་རུ་འགྲོ་བར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།

“མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”གྱི་ལས་གཞིའི་རྣམ་གྲངས2005ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་དུ་ལག་བསྟར་བྱས་པ་ནས་བཟུང་། “མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”བརྒྱ་ལྷག་ཙམ་ཞལ་འདེབས་བརྒྱབ། “མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”གྱིས་གཞི་རིམ་མང་ཚོགས་ལ་བདེ་ཐང་གི་འཚོ་བའི་འདུ་ཤེས་བརྒྱུད་བསྒྲགས་དང་། འཕྲོད་བསྟེན་བདེ་སྲུང་ཤེས་བྱ་བརྒྱུད་བསྒྲོགས་བྱས་ནས་སྦྲུམ་མ་མྱུར་སྐྱོབ་དང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་མྱུར་སྐྱོབ་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་དང་། སྐོར་སྐྱོད་སྨན་བཅོས་རླངས་འཁོར་གཞི་རྟེན་དུ་བྱས་ཏེ་ཞིང་འབྲོག་ཁུལ་དང་། གྲོང་སྡེ་ཚོགས་པའི་ཞིང་དུད། སློབ་གྲྭའི་ལས་ཁུངས། རྩྭ་ཐང་གི་འབྲོག་ཁྱིམ་བཅས་སུ་བསྐྱོད་ནས་དྲིལ་བསྒྲགས་གསོ་སྦྱོང་དང་འོས་འགན་སྨན་བཅོས་བློ་འདྲི་སོགས་ཀྱི་བདེ་ཐང་ཞབས་ཞུ་སྒོ་རྩར་བསྐྱལ་ནས། རླངས་འཁོར་རེས་འཕྲོད་བསྟེན་བདེ་ཐང་ཞབས་ཞུ་དང་། སྔོན་འགོག རོགས་སྐྱོབ་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་ཤིང་། བསྡོམས་རྩིས་བྱས་པ་ལྟར་ན། 2021ལོར“མ་ཡུམ་གྱི་བདེ་ཐང་མྱུར་བགྲོད་རླངས་འཁོར”གྱིས་མི་ཐེངས་ཁྲི3.5ལ་ཉེ་བར་འོས་འགན་སྨན་བཅོས་བློ་འདྲི་བྱས་པ་དང་། མི་ཐེངས་ཁྲི5.5ལ་བདེ་ཐང་ཡོངས་ཁྱབ་ཞིབ་བཤེར། མི་ཐེངས8981ལ་གསོ་སྦྱོང་། སྦྲུམ་མ་དང་ནད་གཞི་ཚབས་ཆེན་ཕོག་པའི་ནད་པ1347ལ་རོགས་སྐྱོབ་བྱས་ནས། སྨན་རྫས་ཀྱི་རིན་ཐང་སྒོར་ཁྲི4སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།