ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱིས་གངས་འཁྱགས་ལུས་རྩལ་མཉམ་ལེན་བྱེད་པ་དང་ཆབས་ཅིག་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོན་ལ་ཉེ་བ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་རུ་གངས་འཁྱགས་ལུས་རྩལ་ལ་ཞུགས་པའི་མི་ཇེ་མང་དུ་སོང་བ་དང་།   མི་དེ་བས་མང་པོ་ཞིག་གངས་འཁྱགས་ལུས་རྩལ་ནང་ཞུགས་ནས་ཡིད་དབང་རབ་ཏུ་འཕྲོག    ཟླ1པོའི་ཚེས16ཉིན་གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  མིག་སྔར2021ལོ་ནས2022ལོའི་བར་གྱི་དགུན་དཔྱིད་གཉིས་ཀྱི་གངས་འཁྱགས་ཀྱི་བྱེད་སྒོ་དང་རྒྱལ་ཡོངས་མང་ཚོགས་ཀྱི་གངས་འཁྱགས་སྐབས་བརྒྱད་པའི་མཚོ་སྔོན་ཡན་ལག་ཚོགས་རའི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ།  ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས“བདེ་འཇགས་ལ་གཟབ་ནན་དང་ཡུལ་བབ་དང་བསྟུན་པ།  གྲོན་ཆུང་དངོས་གཉེར།  ཆུང་གྲས་ཁ་ཐོར།  སྤྱི་ཕན་དམངས་ཕན”བཅས་ཀྱི་རྩ་དོན་ལྟར་གངས་འཁྱགས་འགྲན་བསྡུར་དང་བྱེད་སྒོ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ།  ཕུན་སུམ་ཚོགས་པའི་གངས་འཁྱགས་ལུས་རྩལ་ལ་བརྟེན་ནས2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་བྱེད་བཞིན་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  ན་ནིང་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གངས་འཁྱགས་ལུས་རྩལ་མགྱོགས་མྱུར་ངང་དར་མགོ་ཚུགས་ནས།  གངས་རྩེད་བྱ་རྒྱུ་དེ་གྲོང་མི་མང་པོ་ཞིག་གི་དུས་ཆེན་དང་ངལ་གསོའི་སྐབས་སུ་རོལ་རྩེད་དུ་བདམས་པའི་བྱེད་སྒོ་ཞིག་ཏུ་གྱུར་ཡོད།  ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ལུས་རྩལ་སྡེ་ཁག་གིས་འགྲན་བསྡུར་དང་བྱ་འགུལ་ཁག30སྒྲིག་འཛུགས་བྱ་རྩིས་ཡོད།  དེའི་ཁྲོད་དུ་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་སྒྲིག་འཛུགས་བྱས་པའི་བྱ་འགུལ་ཁག7དང་།  གྲོང་ཁྱེར་དང་ཁུལ།  རྫོང་སོ་སོའི་སྒྲིག་འཛུགས་བྱས་པའི་བྱ་འགུལ་ཁག23ཡོད།  དེའི་ནང་རྩལ་འགྲན་རིགས་དང་མང་ཚོགས་ཀྱི་རིགས།  དབང་བོ་སྐྱོན་ཅན་བཅས་ཀྱི་རྣམ་གྲངས་འདུས་ཡོད།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།