ཀྲུང་གོ་བོད་ཀྱི་དྲ་བ།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ནང་མཚོ་སྔོན་ཞིང་ཆེན་གྱི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་ལོ་འཁོར་གྱི་རིན་ཐང་སྒོར་དུང་ཕྱུར500ལས་བརྒལ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནགས་ལས་དང་རྩྭ་ཐང་ཁོངས་གཏོགས་ཀྱིས་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ། གྲོན་ཆུང་སྔོན་ལ་འཇོག་པ་རྒྱུན་འཁྱོངས། རང་བྱུང་ཁམས་སླར་གསོ་བྱེད་པ་གཙོ་གནད་དུ་བཟུང་ནས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་། “ས་ཆ་བཞིའི”འཛུགས་སྐྲུན་ལ་དམ་པོར་དམིགས་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་སྣེ་ཁྲིད་དུ་བྱེད་པ། ནགས་ཚལ་རིང་ལམ་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། རི་ཆུ་དང་ནགས་ཚལ། ས་ཞིང་། མཚེའུ། བྱེ་མ། འཁྱམས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་ལེགས་བཅོས་བྱེད་པར་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་དང་། ནགས་ཚལ་དང་རྩྭ་ཐང་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ལས་ཀྱི་ལོ་འཁོར་གྱི་ཐོན་ལས་རིན་ཐང་སྒོར་དུང་ཕྱུར500ལས་བརྒལ་ནས། ནན་ཏན་གྱིས་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་ཐོན་ལས་ཐོན་ཁུངས་སྲུང་སྐྱོང་མ་ལག་ལ་ཆགས་པར་བྱས་ནས། སྤུས་ཚད་མཐོ་བའི་དེང་རབས་ཀྱི་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་ཐོན་ལས་མ་ལག་དང་དར་རྒྱས་ཆེ་བའི་ནགས་ཚལ་དང་རྩྭ་ཐང་སྐྱེ་ཁམས་ཐོན་ལས་རིག་གནས་མ་ལག་ཆགས་སུ་འཇུག་རྒྱུ་རེད།

2025ལོར་སླེབས་སྐབས། ནགས་ཚལ་དང་རྩྭ་ཐང་དང་། བརླན་ས། ས་རྒོད། སྐྱེ་དངོས་བཅས་ཀྱི་སྣ་མང་རང་བཞིན་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱས་ཏེ་ནགས་ཚལ་ཁེབས་ཚད8.0%ཡན་ལ་སླེབས་རྒྱུ་དང་། ནགས་ཚལ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི5300ལ་སླེབས་རྒྱུ། རྩྭ་ཐང་ཕྱོགས་བསྡུས་སྔོ་ལྗང་གིས་ཁེབས་ཚད58.5%ལ་སླེབས་རྒྱུ། བརླན་ས་སྲུང་སྐྱོང་བྱེད་ཚད66%ལས་མི་དམའ་བ། རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་ལས70%ལས་མི་ཉུང་བ། བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཚད་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི35འཕར་བ་བཅས་བྱ་རྒྱུ་རེད། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་རྒྱུ་མཐའ་འཁྱོངས་བྱས་ཏེ“དུང་ཕྱུར་ལྔ་བརྒྱ་ཡི་མ་ལག་གསུམ”གྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་ཡོང་བར་ཧུར་ཐག་བྱེད་པ། རྨ་ཆུ་དང་ཙོང་ཆུའི་རྒྱུད་ཀྱི་མི་འབོར་འདུས་སྡོད་ཁུལ་དང་གཙོ་གནད་གྲོང་ཁྱེར་དང་གྲོང་རྡལ་སོགས་གཙོ་གནད་དུ་བྱས་ནས་རང་བྱུང་ཁམས་སློབ་གསོའི་ཉམས་ལེན་བྱ་ཡུལ་དང་ལས་སྟེགས་བཙུགས་ནས། སྤྱི་ཚོགས་ཡོངས་ལ་ཚན་ཞིབ་དང་། སློབ་གསོ། ཉམས་ལེན། ཁམས་གསོ། སྤྲོ་གསེང་སོགས་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས་ཏེ་རྒྱལ་ཁབ་ས་ཆ་ལྗང་འགྱུར་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ས་མཐོའི་སྐམ་ཤས་ཆེ་བའི་ས་ཁུལ་གྱི་སྡོད་མལ་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་གསར་པ་བཏོད་ནས། ནགས་ཚལ་དང་རྩྭ་ཐང་གི་ཐཱན་ཉུང་དུ་གཏོང་བའི་ནུས་པ་མཐོ་རུ་གཏོང་བ། གཞི་རྩའི་ཆ་ནས་ནགས་ལས་དང་རྩྭ་ཐང་བྱ་གཞག་གི་དེང་རབས་ལམ་ལུགས་མ་ལག་འཛུགས་པ་དང་། གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་འགན་ལེན་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་བསྒྱུར་བཅོས་བརྟན་འཇགས་ངང་སྤེལ་བ་དང་། རྒྱལ་ཁབ་ལ་དབང་བའི་ནགས་ར(ཁུལ)བསྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ཐུན་མོང་གི་ནགས་དབང་ལམ་ལུགས་བསྒྱུར་བཅོས་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།