ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་འབྲི་ཆུའི་མགོ་ཁུངས་ཀྱི་ཉ་རིགས་ཐོན་ཁུངས་མངོན་གསལ་སྒོས་ཇེ་མང་དུ་སོང་བ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་འབྲི་ཆུ་དང་རྨ་ཆུ། མཚོ་སྔོན་པོ་བཅས་གཙོ་གནད་ཆུ་ཁོངས་ཀྱི་ཀླུང་རྒྱ་སྡོམ་པའི་དུས་སྐབས་ཀྱི་དོ་དམ་ལམ་ལུགས་མགྱོགས་མྱུར་ངང་བཙུགས་ཏེ། ནན་ཏན་སྒོས་ཀླུང་རྒྱ་སྡོམ་པའི་དོ་དམ་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ཤིང་། ཧུར་བརྩོན་གྱིས་ས་གནས་ཀྱི་གདོད་མའི་ཉ་རིགས་སྐྱེ་འཕེལ་ཚེ་ཐར་གྱི་ལས་དོན་སྤེལ་བ་དང་། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་དང་ཉ་ལས་ཆུ་ཁོངས་ཀྱི་ཁོར་ཡུག་བརྟག་བཤེར་ཚད་ལེན་ལ་ཤུགས་བསྣན་ནས་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་མངོན་གསལ་ཐོབ་ལ། གཙང་གསུམ་འབྱུང་ཡུལ་དང་རྒྱལ་ཁབ་རིམ་པའི་ཆུ་ཐོན་དངོས་རིགས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཁུལ་སོགས་ཉ་ལས་ཆུ་ཁོངས་ཀྱིས་མུ་མཐུད་དུ་གདོད་མའི་སྐྱེ་ཁམས་སྲུང་འཛིན་བྱས་པ་དང་། འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཉ་རིགས་ཐོན་ཁུངས་གསོག་ཉར་ཅུང་བཟང་ལ་ཐོན་ཁུངས་ཇེ་ཆེར་འགྲོ་བའི་རྣམ་པ་མངོན་ཡོད།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་འབྲི་ཆུ་དང་རྨ་ཆུ། མཚོ་སྔོན་པོ་བཅས་གཙོ་གནད་ཆུ་ཁོངས་ཀྱི་ཀླུང་རྒྱ་སྡོམ་པའི་དོ་དམ་མ་ལག་བཙུགས་ཡོད། སྔ་རྗེས་སུ《ཀྲུང་གོའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱ་འགུལ་རྩ་ལག་བསྟར་མཐའ་འཁྱོལ་བྱེད་པའི་སྐོར་གྱི་བསམ་འཆར》དང《མཚོ་སྔོན་ཞིང་ཆེན་གྱི་ལུའུ་འབུ་ཐོན་ཁུངས་སྲུང་སྐྱོང་གི་གནས་སྐབས་བྱེད་ཐབས》སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། བསྟུད་མར་ཉ་ལས་སྲིད་འཛིན་གྱི་གཙང་སེལ་དག་སྒྲིག་དང་བརྒྱད་པའི་བཅོ་ལྔ་དང་རྒྱལ་སྟོན་དུས་ཆེན་གཉིས་རིང་གི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོང་སོགས་ཀྱི་ཆེད་དམིགས་ཁྲིམས་འཛིན་བྱ་འགུལ་སྤེལ་ལ། ཕྱོགས་ཡོངས་ནས་ལྟ་ཞིབ་དོ་དམ་ལམ་ལུགས་མ་ལག་འཛུགས་པ་དང་ཉ་ལས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ། ཕན་ནུས་ལྡན་པའི་སྒོ་ནས་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སླར་གསོ་བྱེད་པ། ཆུ་ཐོན་གྱི་སྤུས་ཚད་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་དང་གཙོ་གནད་ཆུ་ཁོངས་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤེལ་བ་བརྒྱུད། འབྲི་ཆུའི་ཀླུང་རྒྱ་སྡོམ་པའི་ཡུལ་དངོས་ཀྱི་མཐུན་སྦྱོར་རོགས་འདེགས་བསྐོར་ཞིབ་རུ་ཁག་མི་སྣ1310རྩ་འཛུགས་བྱས་ཏེ། རྫོང་དང་ཤང་། སྡེ་བ། ཉ་སྐྱོང་བ་བཅས་རིམ་པ་བཞིའི་དྲ་བ་བཙུགས་ནས། ཕན་ནུས་ལྡན་པའི་སྒོ་ནས་འབྲི་ཆུའི་བཞུར་རྒྱུད་དུ་ས་རྒྱ་ཆེ་ཞིང་མི་ཉུང་བ་དང་ལྟ་ཞིབ་ནུས་ཤུགས་ཞན་པས་ཁེབས་རྒྱ་ཆུང་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱས།

རྒྱུས་ལོན་པ་ལྟར་ན། ཆེད་ལས་སྡེ་ཁག་གིས་བརྟག་བཤེར་ཚད་ལེན་བརྒྱུད། 2021ལོར་མཚོ་སྔོན་པོའི་གསེར་ཉེའི་ཐོན་ཁུངས་སླར་གསོ་བྱུང་ནས་ཏུན་ཁྲི10.85ལ་སླེབས་ཏེ། སྲུང་སྐྱོང་དུས་མགོའི་ལྡབ42ཡིན་པ་དང་། སྔོན་ཆད་གསོག་ཚད་ཀྱི33.9ལ་སླེབས་ཡོད། གཙང་གསུམ་འབྱུང་ཡུལ་དང་རྒྱལ་ཁབ་རིམ་པའི་ཆུ་ཐོན་དངོས་རིགས་ཐོན་ཁུངས་སྲུང་སྐྱོང་ཁུལ་སོགས་ཉ་ལས་ཆུ་ཁོངས་བསྟུད་མར་གདོད་མའི་སྐྱེ་ཁམས་རྣམ་པ་སྲུང་འཛིན་བྱས་ཏེ། འབྲི་ཆུའི་མགོ་ཁུངས་ཁུལ་གྱི་ཉ་རིགས་ཐོན་ཁུངས་གསོག་ཉར་ཅུང་ལེགས་པོ་བྱས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།