ཀྲུང་གོ་བོད་ཀྱི་དྲ་བ།

རྫ་ཆུའི་འགྲམ་གྱི“སྐྱེ་ཁམས་དམངས་དམག”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ། དམིགས་བསལ་གྱི་མི་ཚོགས་ཤིག་ཡོད་དེ། ཁོ་ཚོ་ནི་གུང་ཁྲན་ཏང་ཡོན་གྱིས་སྣེ་ཁྲིད་པའི“སྐྱེ་ཁམས་དམངས་དམག”གི་རུ་ཁག་ཅིག་རེད། ཁོ་ཚོས་རང་ངོས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་ལས་འགན་ལག་ཏུ་བསྟར་བཞིན་ཡོད་པ་དང་། ཁོ་ཚོས་རི་བོ་སྟོང་ཕྲག་བརྒལ་ནས་རི་སྐོར་རྩྭ་སྲུང་བྱེད་ཀྱིན་ཡོད་ལ། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་སྐྱེ་ཁམས་དཔལ་ཡོན་བསམ་བློ་དྲིལ་སྒྲོག་དང་། དུས་དང་རྣམ་པ་ཀུན་ཏུ་གཙང་པོའི་མགོ་ཁུངས་ཀྱི་རི་ཆུ་ནགས་གསུམ་དང་། ས་ཞིང་། མཚོ་དང་མཚེའུ། རྩྭ་ཐང་། བྱེ་ཐང་། འཁྱགས་རོམ་བཅས་ལ་ལྟ་སྲུང་བྱེད་བཞིན་ཡོད།

དགུན་ཚུགས་རྗེས། གཞན་དང་མི་མཚུངས་པའི་མཛེས་ལྗོངས་ཀྱིས་མི་སེམས་དགའ་བའི་དཔལ་གྱིས་བརྟས་པར་བྱེད་ལ། མཐིང་མདོག་གི་མཁའ་དབྱིངས་སུ་སྤྲིན་དཀར་པོ་དུམ་བུ་དུམ་བུར་ལྡང་བ་དང་། རྒྱང་རིང་གི་རི་མགོ་ཁ་བས་གཡོགས་ཤིང་། ཐག་ཉེའི་རྩྭ་ཐང་དུ་ནོར་ལུག་གི་ཁྱུ་ཚོགས་རྒྱུ་བཞིན་ཡོད། སྐབས་དང་སྐབས་སུ་རྐྱང་དང་གནའ་བ་སོགས་རི་སྐྱེས་སྲོག་ཆགས་མཆོང་ལྡིང་བྱེད་ཀྱིན་པ་མཐོང་ཡོང་། དེ་དག་ནི་སྐྱེ་ཁམས་བདག་སྐྱོང་པ་མང་པོ་ཞིག་གི་ཧུར་བརྩོན་གྱི་འབྲས་བཟང་ཡིན་པས། དེའི་ནང་དུ“སྐྱེ་ཁམས་དམངས་དམག”རེ་རེའི་དཀའ་སྡུག་དང་རྔུལ་ཆུ་འདྲེས་ཡོད།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་འཛུགས་བྱས་པ་དང་མཉམ་དུ། རྫ་སྟོད་རྫོང་གིས “དམངས་དམག+སྐྱེ་ཁམས་བདག་སྐྱོང་པ”ཡི་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། དམངས་དམག་འཛུགས་སྐྲུན་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་བཞག་སྟེ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱས་པ་དང་། ཞང་དང་གྲོང་རྡལ་སོ་སོ་དང་། སྡེ་བ་དང་ཧྲེ་སོ་སོར་ཁ་ཐོར་དུ་ཡོད་པའི་སྐྱེ་ཁམས་བདག་སྐྱོང་པ་རྣམས། “རྫོང་གིས་བརྒྱ་ཤོག་འཛུགས་པ་དང་། ཞང་གིས་ལྡིང་ཤོག་འཛུགས་པ། སྡེ་བས་བཅུ་ཤོག་འཛུགས་པ”ཡི་སྒྲིག་གཞིའི་ཐབས་ལམ་ལྟར། དམངས་དམག་སྒྲིག་འཛུགས་ཀྱི་ཁྲོད་དུ་བཞག་པས། གཉིས་སྐུལ་མཉམ་རྒྱལ་མངོན་འགྱུར་བྱུང་ཡོད།

སྡེ་དམངས་བེ་རུ་པདྨ་བཟང་པོ་ནི། རྫ་སྟོད་རྫོང་ཕྱི་རུག་ཞང་སྟོད་ཤོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་ལ། ཕུལ་དུ་བྱུང་བའི་སྐྱེ་ཁམས་དམངས་དམག་བཅུ་ཤོག་གི་མགོ་དཔོན་ཡང་ཡིན།

“སྐྱེ་ཁམས་བདག་སྐྱོང་པ”ཞིག་ཏུ་གྱུར་བ་ནས་བཟུང་། བེ་རུ་པདྨ་བཟང་པོ་དང་ཁོའི་འཐབ་གྲོགས་ཚོ་ཉིན་རེ་རེར་འཕྲུལ་རྟར་ཞོན་ནས་རྩྭ་ཐང་དུ་སྐོར་གཡེང་བྱེད་བཞིན་ཡོད་ལ། ཁོ་ཚོས་ད་དུང་ཆེད་དུ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐད་འཕྲིན་ཚོགས་པ་ཞིག་ཀྱང་བཙུགས་ཡོད།

“ང་ཚོ་ས་གཞི་འདི་ལ་དགའ་ཞེན་ཡོད་པས། ང་ཚོས་ཀྱང་ས་གཞི་འདི་སྔར་ལས་མཛེས་ཤིང་སྡུག་པའི་རེ་བ་འཆང་བཞིན་ཡོད།”བེ་རུ་པདྨ་བཟང་པོས་ཉིན་རེར་སྐད་འཕྲིན་ཚོགས་པའི་ནང་སྐོར་གཡེང་བྱེད་སྐབས་བླངས་པའི་མཛེས་ལྗོངས་ཀྱི་པར་མཉམ་རོལ་བྱེད་བཞིན་ཡོད་ལ། སྐོར་སྲུང་གི་གཏམ་རྒྱུད་འཆད་བཞིན་ཡོད་པ་དང་། རང་ངོས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྡེ་བ་ཡོངས་ཀྱི་མི་རེ་རེར་ཤུགས་རྐྱེན་ཐེབས་སུ་འཇུག་བཞིན་ཡོད།

བེ་རུ་པདྨ་བཟང་པོས་བཤད་རྒྱུར། ཕྱི་རུག་ཞང་གི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་ནའང། བདག་སྐྱོང་པ་རྣམས་ཀྱི་སྐོར་སྲུང་ས་རྒྱ་ཆེ་ལ། ཞབས་ཞུའི་ས་ཁྱོན་ཆེ་བས། སྐྱེ་ཁམས་བདག་སྐྱོང་བྱ་བར་དཀའ་ཁག་གང་མང་བཟོས་ཡོང་།

མི་སྔར་ལས་མང་པོ་ཞིག “སྐྱེ་ཁམས་དམངས་དམག”གི་དཔུང་སྡེའི་ཁྲོད་ཞུགས་ཐུབ་ཆེད། བེ་རུ་པདྨ་བཟང་པོས་གཟའ་འཁོར་རེའི་གཟའ་ཕུར་བའི་ཉིན་ཁོའི་སྐད་འཕྲིན་ཚོགས་པའི་ནང་ཉིན་གཉིས་པའི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་ལ་ཞུགས་མཁན་གྱི་མི་གྲངས་དང་བྱ་འགུལ་སྤེལ་ས་གཏན་འཁེལ་བྱེད་ཀྱིན་ཡོད་པ་དང་། གཟའ་པ་སངས་ཉིན་ཚང་མ་ཁྲིད་ནས་སྐྱེ་ཁམས་བདག་སྐྱོང་ཁུལ་དུ་སྐོར་ཞིབ་ལ་འགྲོ་བཞིན་ཡོད་པ་དང་། རྐང་ཐང་དུ་ལེ་དབར་བཅུ་ཕྲག་འགའ་ལ་བསྐྱོད་དགོས་ཤིང་། སྐྱེ་ཁམས་ཁོར་སྲུང་བྱ་འགུལ་སྤེལ་ནས། རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་དང་། སྔོ་ཁེབས་གྲངས་འབོར་དང་གད་སྙིགས་བཏུས་པའི་གནས་ཚུལ་རྣམས་ཞིབ་ཏུ་ཟིན་ཐོར་འགོད་ཀྱིན་ཡོད།

བེ་རུ་པདྨ་བཟང་པོས་བཤད་རྒྱུར། “ང་ནི་དམངས་དམག་ཡིན་ལ། ད་དུང་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཀྱང་ཡིན། ང་ནི་འབྲོག་པ་ཞིག་ཡིན་ལ། ཏང་ཡོན་ཞིག་ཀྱང་ཡིན། དེའི་རྐྱེན་གྱིས་ངས་དཔེ་སྟོན་གྱི་ནུས་པ་འདོན་དགོས། ”

རྫ་སྟོད་རྫོང་གི་ཞང་གྲོང་སོ་སོར་བེ་རུ་པདྨ་བཟང་པོ་ལྟ་བུའི“སྐྱེ་ཁམས་དམངས་དམག”ད་དུང་ཤིན་ཏུ་མང་པོ་ཞིག་མཆིས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།