ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཁུལ་གྱིས“རབ་མཛེས་མཚོ་སྔོན། ཡིད་འཕྲོག་མཚོ་ནུབ”ཅེས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱེད་པའི་ཆེད་དམིགས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཏེར་ལེན་ཁ་གྲོང་ཁྱེར་དུ“རབ་མཛེས་མཚོ་སྔོན། ཡིད་འཕྲོག་མཚོ་ནུབ”ཅེས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱེད་པའི་ཆེད་དམིགས་ཚོགས་འདུ་བསྡུས། ཡིད་དབང་འགུགས་པའི་འོས་སྦྱོར་ཤིས་ཚིག་དང་ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་བྲོ་གར་དེ2021ལོ་ནས2022ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་དང་ཡུལ་སྐོར་གྱིས་དམངས་ལ་ཕན་འདོགས་པའི་བྱ་འགུལ་སྤེལ་བའི་སྟ་གོན་དུ་གྱུར་ཡོད།

མཚོ་ནུབ་ནི་ས་རྒྱ་ཆེ་ལ་རི་ཀླུང་མཛེས་ཤིང་། ལོ་རྒྱུས་ཀྱི་ཡུན་རིང་བ། མི་རིགས་མང་བ། རིག་གནས་སྣ་མང་ཡིན་པའི་ས་ཆ་ཞིག་ཡིན། ཡུལ་དེའི་རང་བྱུང་མཛེས་ལྗོངས་ནི་ཁྱད་ཆོས་ལྡན་ལ་སྣ་ཁ་མང་བ་སྟེ། རི་བོ་དང་རྩྭ་ཐང་། བྱེ་ཐང་། ཆུ་བོ། མཚེའུ་སོགས་ཚང་མ་འཛོམས་པ་ཞིག་རེད། ཡུལ་དེ་ན་འོད་སྟོང་འབར་བའི་དར་གོས་རིག་གནས་དང་མུ་མཐའ་མེད་པའི་ཚྭ་མཚོ་རིག་གནས། ལས་ལ་བརྩོན་པའི་རྨོ་འདེབས་རིག་གནས་ཡོད། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ནི་རྫོང་མཐུག་པའི་མི་ཆོས་རིག་གནས་ལས་ཐོན་པ་ཡིན་ལ། ཧན་ཆིན་གུ་ལེ་དང་ནཱ་ཏ་མུའུ་སོགས་མངོན་མིན་རིག་གནས་རྗེས་ཤུལ་ཐོན་ཁུངས་ལས་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་གསར་སྐྲུན་གྱི་ཐོན་རྫས་བྱུང་ཡོད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བསྐྲུན་པ་དང་བསྟུན་ནས། ཡིད་འཕྲོག་མཚོ་ནུབ་ཀྱིས་གསང་བ་ལྐོག་གྱུར་གྱི་སེང་རས་དལ་གྱིས་ཕྱེས་པས། ཡུལ་སྐོར་པ་སྔར་བས་མང་པོ་ཞིག་གི“སྙན་ངག་དང་རྒྱང་རིང”དུ་གྱུར།

ཉེ་བའི་ལོ་འགའི་རིང་ལ། མཚོ་ནུབ་ཁུལ་གྱིས་ཐུན་མོང་མ་ཡིན་པའི་མི་ཆོས་རིག་གནས་དང་གནས་ཡུལ། ཐོན་ཁུངས་གསུམ་གྱི་ལེགས་ཆར་བརྟེན་ནས། “ཡིད་འཕྲོག་ཀྲུང་གོའི་གྲོང་ཁྱེར། ཡིད་འཕྲོག་གྲོང་ཁྱེར་མནའ་འབྲེལ”དུ་བདེ་བླག་ངང་ཞུགས་པར་མ་ཟད། “ཕུལ་བྱུང་ཡིད་འཕྲོག་གྲོང་ཁྱེར”དུ་བདམས་པ་དང་། ཁུ་ནུ་རི་བོའི་ལྗོངས་ཁུལ“ལོ་འཁོར་གྱི་ཡིད་འཕྲོག་སྐྱེ་ཁམས་ལྗོངས་ཁུལ”དུ་བདམས་ལ། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ“ལོ་འཁོར་གྱི་མི་ཚོགས་མང་བའི་ཡུལ་སྐོར་ལྗོངས་ཁུལ”དུ་བདམས། འོས་སྦྱོར་ཚོགས་འདུའི་སྟེང་གཏེར་ལེན་ཁ་གྲོང་ཁྱེར་དང་ལུན་ཧུའུ་མིག་དམར་གྲོང་རྡལ་ལྗོངས་ཁུལ་སོགས་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་གཙོ་བོར་བཟུང་ནས་འོས་སྦྱོར་བྱས་པ་དང་། དེ་ཡིས་མཚོ་ནུབ་ཀྱི་ཁྱད་ཆོས་དང་མཚོ་ནུབ་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་སྤྲོ་སེམས་དང་མགྲོན་བརྩི་ཆེ་བའི་གཤིས་ཀ་གང་ལེགས་ཀྱིས་མཚོན་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།