ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་གངས་འཁྱགས་ལུས་རྩལ་དང་དེའི་ཐོན་ལས་འཕེལ་རྒྱས་བཏང་སྟེ་དགུན་དུས་ཡུལ་སྐོར་ལ་རོགས་འདེགས་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གངས་འཁྱགས་ལུས་རྩལ་དང་གངས་འཁྱགས་ཐོན་ལས་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་དངོས་འབེབས་བྱེད་ཆེད། ཉེ་ལམ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ལུས་རྩལ་ཅུས་བཅས་ཀྱིས་མཉམ་དུ《གངས་འཁྱགས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྐོར་གྱི་ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་ཏེ། མཉམ་དུ་རང་ཞིང་གི་གངས་འཁྱགས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

《ལག་བསྟར་བསམ་འཆར》ནང་གསལ་པོར་བཀོད་དོན། 2025ལོའི་བར་དུ་རང་ཞིང་གི་གངས་འཁྱགས་ཡུལ་སྐོར་ལ་ཅུང་འོས་མཐུན་གྱི་བར་སྟོང་ཆགས་སྟངས་དང་སྤུས་ཚད་ཅུང་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། གངས་འཁྱགས་ཡུལ་སྐོར་གྱི་ཚོང་ཁྲོམ་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་སྟེ། སྒྲིག་བཀོད་ཆ་ཚང་ཞིང་དོ་དམ་ཞབས་ཞུ་ལེགས་པའི་གངས་འཁྱགས་ཡུལ་སྐོར་གྱི་རྟེན་གཞི་སྐོར་ཞིག་བསྐྲུན་རྒྱུ་དང་། དེ་ནི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གངས་འཁྱགས་ཡུལ་སྐོར་ལམ་ཐིག་ཅིག་དང་། མི་དམངས་མང་ཚོགས་ཀྱི་སྤྲོ་བ་འཕེལ་ཞིང་དུས་ཚིགས་བཞི་བོར་གོ་ཆོད་པའི་གངས་འཁྱགས་ཡུལ་སྐོར་གྱི་ཐོན་རྫས་ཤིག་ཏུ་གསོ་སྐྱོང་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་གངས་འཁྱགས་ཡུལ་སྐོར་བྱ་ཡུལ་གྱི་ཐོན་རྫས་མ་ལག་རགས་ཙམ་ཆགས་སུ་འཇུག་རྒྱུ་རེད། གངས་འཁྱགས་ཡུལ་སྐོར་དུ་ཞུགས་པའི་མི་གྲངས་ཆེས་ཆེར་འཕར་བ་དང་འཛད་སྤྱོད་ཀྱི་གཞི་ཁྱོན་མངོན་གསལ་གྱིས་ཇེ་ཆེར་གྱུར་པའི་གངས་འཁྱགས་ཡུལ་སྐོར་ནི་རང་ཞིང་གི་དགུན་དུས་ཡུལ་སྐོར་ལས་རིགས་ཀྱི་ལས་རྣམ་གཙོ་བོར་གྱུར་ཡོད།

《ལག་བསྟར་བསམ་འཆར》ལས་བསྟན་དོན། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གསུམ་གཙོ་བོ་བྱས་ཏེ། གངས་ཤུད་ར་བའི་ལས་གཞི་འཛུགས་སྐྲུན་འོས་འཚམ་གྱིས་བཀོད་སྒྲིག་བྱེད་པ་དང་། གངས་འཁྱགས་ཡུལ་སྐོར་ལས་གཞི་ཡོད་པའི་སྤུས་འདེགས་རིམ་སྤར་ལ་རམ་འདེགས་བྱས་ཏེ། གངས་འཁྱགས་ཡུལ་སྐོར་ཁེ་ལས་ལ་སྣེ་འདྲེན་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་ཞུགས་སུ་འཇུག་དགོས། ས་གནས་སོ་སོས་འགྲིམ་འགྲུལ་སྟབས་བདེ་ཞིང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ། གངས་འཁྱགས་ཀྱི་ཡུལ་ལྗོངས་ལ་ཁྱད་ཆོས་ལྡན་པ། ཐོན་རྫས་ཀྱི་ཞབས་ཞུ་སྤུས་ཀ་ལེགས་པ། གངས་འཁྱགས་ཀྱི་རྣམ་པ་རྫོང་མཐུག་པ་བཅས་ཀྱི་གངས་འཁྱགས་བརྗོད་དོན་གྱི་ལྗོངས་ཁུལ་སྐོར་ཞིག་བསྐྲུན་པར་རམ་འདེགས་བྱེད་དགོས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཆིན་ཧྲི་ཙེ་གྲོང་རྡལ་དང་ཟི་ལིང་གྲོང་ཁྱེར་ཏ་ཐུན་ཧུའེ་རིགས་རང་སྐྱོང་རྫོང་ཏུང་ཞ་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་ལའོ་ཏུའུ་ཆུས་གྲོ་ཚང་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝེ་ཡན་གྲོང་རྡལ་སོགས་ཀྱི་ས་ཆ་ནས་གངས་འཁྱགས་ཡུལ་སྐོར་གྱི་ཁྱད་ལྡན་གྲོང་རྡལ་སྐྲུན་པར་སྐུལ་མ་གཏོང་བ་དང་རམ་འདེགས་བྱེད་དགོས། མི་རིགས་ཀྱི་གོམས་སྲོལ་དང་གངས་འཁྱགས་རིག་གནས་ཀྱི་ཁྱད་ཆོས་གཉིས་ཀ་འཛོམས་པའི་གངས་འཁྱགས་ཡུལ་སྐོར་གྱི་བརྗོད་དོན་ལེགས་ཤོས་ཀྱི་ལམ་ཐིག་སྐོར་ཞིག་སྔོག་འདོན་བྱེད་དགོས། ཁང་ལེ་རི་གྲོང་དང་པེ་ཁྲོན་གངས་འཁྱགས་ཞིང་ཁམས། གྲོ་ཚང་རྒྱལ་སྤྱིའི་གངས་ཤུད་ར་བ་སོགས་ཀྱིས་རང་བྱུང་གི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་མང་གི་མང་ཚོགས་རང་བཞིན་གྱི་གངས་འཁྱགས་བྱ་འགུལ་རབ་དང་རིམ་པ་རྩ་འཛུགས་དང་ཇུས་འགོད་བྱེད་དགོས། གངས་འཁྱགས་ལྗོངས་ཁུལ་དང་གངས་འཁྱགས་བརྗོད་དོན་ར་བ་ཁང་། གངས་འཁྱགས་ལུས་རྩལ་རིག་གནས་སོགས་དགུན་དུས་ཀྱི་སློབ་སྦྱོང་ཐོན་ཁུངས་ལ་བརྟེན་ནས་གངས་འཁྱགས་བརྗོད་དོན་གྱི་སློབ་སྦྱོང་བསླབ་ཚན་གསར་སྤེལ་བྱེད་པ་དང་། འཆར་གཞི་ཡོད་པ་དང་རྩ་འཛུགས་ཡོད་པའི་སྒོ་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་དགུན་དུས་ཀྱི་སློབ་སྦྱོང་ཡུལ་སྐོར་གྱི་བྱ་འགུལ་སྤེལ་བ། སློབ་གྲྭ་ཆུང་འབྲིང་གི་སློབ་སྦྱོང་དང་ལག་ལེན་སློབ་གསོར་ཤུགས་སྣོན་པ་བཅས་ཀྱིས། གངས་འཁྱགས་སློབ་སྦྱོང་གི་ཡུལ་སྐོར་ལ་སྐུལ་འདེད་གཏོང་དགོས།

《ལག་བསྟར་བསམ་འཆར》ལས་ནན་གྱིས་བསྟན་དོན། གངས་འཁྱགས་ཡུལ་སྐོར་གྱི་འཛད་སྤྱོད་སྦས་ཤུགས་གཏིང་ཟབ་ས་ནས་སྔོག་འདོན་བྱེད་དགོས། ས་གནས་སོ་སོས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། གངས་འཁྱགས་ལུས་རྩལ་འགྲན་ཚོགས་དང་གངས་འཁྱགས་སྤྲོ་ཚོགས། གངས་འཁྱགས་རིག་གནས་དུས་ཆེན། གངས་འཁྱགས་དགུན་སྒར། “སྤྲོ་སྐྱིད་གངས་འཁྱགས། བདེ་ཐང་མཚོ་སྔོན”སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་མང་བའི་མང་ཚོགས་རང་བཞིན་གྱི་གངས་འཁྱགས་བྱ་འགུལ་རྩ་འཛུགས་དང་ཇུས་འགོད་བྱེད་དགོས། གངས་ཤུད་ར་བ་དང་དར་ཤུད་ར་བ། ལྗོངས་ཁུལ་བཅས་ནས་འཁྱགས་རྫིང་བརྒལ་བའི་དགའ་སྤྲོའི་འགྲན་སྡུར་དང་གངས་མི་སྤུངས་པའི་འགྲན་སྡུར། གངས་བརྐོ་འགྲན་སྡུར། འཁྱགས་སྟེང་གི་ཐག་འཐེན་འགྲན་སྡུར། འཁྱགས་སྟེང་གི་ལྕགས་རྟ་འགྲན་སྡུར། འཁྱགས་སྟེང་གི་རླངས་འཁོར་ཐུག་རེས་སོགས་ཀྱི་སྤྲོ་འཕེལ་གངས་འཁྱགས་བྱ་འགུལ་སྤེལ་བར་སྐུལ་འདེད་གཏོང་དགོས། གངས་འཁྱགས་ཡུལ་སྐོར་དུས་ཆེན་དང་ཚོང་རྟགས་གྲགས་ཅན་གསོ་སྐྱོང་བྱེད་དགོས་ལ། སྤྱི་ཚོགས་སྟོབས་ཤུགས་ཀྱིས་གངས་འཁྱགས་ཡུལ་སྐོར་བྱ་འགུལ་སྤེལ་བར་སྐུལ་མ་གཏོང་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།