ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་ས་ཡོམ་གནོད་ཁུལ་ལ་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི623བཏང་བ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་གནས་ཚུལ་ལྟར་ན། མིན་ཡོན་དུ་ཚད་རིམ6.9ཡི་ས་ཡོམ་བྱུང་རྗེས།  མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་མགྱོགས་མྱུར་ངང་ཆེད་དམིགས་ལས་དོན་ཚན་ཆུང་བཙུགས་ནས། ཤུགས་ཆེན་པོས་ས་ཡོམ་གནོད་ཐེབས་ཁུལ་གྱི་དཀའ་ངལ་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་དམངས་སྲིད་ཞབས་ཞུ་ལས་ཁུངས་ཀྱི་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱས་ཤིང་། གནོད་ཐེབས་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་རོགས་འདེགས་བྱས། མིག་སྔའི་བར་དུ། མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དང་ཆི་ལེན་རྫོང་དམངས་སྲིད་སྡེ་ཁག་གིས་དཀའ་ངལ་མང་ཚོགས་ཁྲི1.6རྩད་ཞིབ་བྱས་པ་དང་། གནོད་ཐེབས་ཁུལ་གྱི་དཀའ་ངལ་མང་ཚོགས་དང་ཞབས་ཞུ་བྱ་ཡུལ་མི་ཁྲི1.5ལ་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་ཁྲི623བྱིན།

ས་འགུལ་བྱུང་རྗེས། ཞིང་ཆེན་དམངས་སྲིད་ཐིང་གི་ལས་དོན་ཚན་ཆུང་གིས་གནོད་ཐེབས་ཡུལ་དངོས་སུ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ལྟ་ཞིབ་བྱས་པའི་དུས་མཚུངས་སུ། ས་གནས་དམངས་སྲིད་སྡེ་ཁག་གིས་ཤང་གྲོང་དང་གཞིས་ཁུལ་སོགས་ལས་དོན་ནུས་ཤུགས་ལ་མཉམ་འབྲེལ་སྒོས་ཕྱོགས་ཡོངས་ནས་གནོད་ཐེབས་ཁུལ་དུ་ཁྱིམ་ཚང་གཅིག་ཀྱང་མི་བསྐྱུར་བ་དང་ཟུར་སྣེ་ཙམ་ཡང་མི་བསྐྱུར་བར་རྩད་ཞིབ་བྱས། གནོད་ཁུལ་གྱི་དམངས་སྲིད་སྡེ་ཁག་ལ་ཐུགས་ཁུར་དང་བརྩེ་བ། རོགས་སྐྱོར་བྱེད་ཐབས་སྣ་ཚོགས་དག་གནད་འཁེལ་སྒོས་གནོད་ཁུལ་གྱི་དཀའ་ངལ་ཁྱིམ་ཚང་རེར་བསྐྱལ་དགོས་པ་དང་། གནོད་ཐེབས་མང་ཚོགས་ལ་འཚམ་འདྲི་བྱེད་ཤུགས་ཇེ་ཆེར་བཏང་ནས་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་རང་སྟོབས་རང་སྤེལ་གྱིས་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་བསྒྱུར་དགོས་པར་ལྟ་སྐུལ་གནང་།

དུས་མཚུངས་སུ། ཁ་གསབ་རོགས་སྐྱོར་མ་དངུལ་སྔོན་ལ་སྟེར་བའི་ལམ་སྲོལ་བཙུགས་ནས། དུས་ཡུན་ཆེས་ཐུང་ངུའི་ནང་ས་ཡོམ་གྱིས་དཀའ་ངལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་བར་བརྩོན་ལེན་བྱས་ཤིང་། འཕྲལ་བསྟུན་སྡེ་ཁག་དང་འབྲེལ་མཐུད་གང་ལེགས་བྱས་ཏེ་ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་དཀའ་ངལ་ཁྱིམ་ཚང་དག་གནད་འཁེལ་སྒོས་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་གནས་སྐབས་རོགས་སྐྱོར་ཁྱབ་ཁོངས་སུ་བཞག་སྟེ། གནོད་ཐེབས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།