མཚོ་སྔོན་ཞིང་ཆེན་གྱི་རྣམ་པ་གསར་པའི་གློག་ཤུགས་མ་ལག་གི་ཚན་ཞིབ་རྣམ་གྲངས་གལ་ཆེན་དངོས་སུ་སྤྱོད་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས5ཉིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་སྣེ་ཁྲིད་ཞིབ་འཇུག་བྱས་པའི་རྒྱལ་ཁབ་གློག་དྲའི་རྣམ་པ་གསར་པའི་གློག་ཤུགས་མ་ལག་དཔེ་སྟོན་བཟོ་སྐྲུན་ལྷུ་ལག་ཆ་ཚང་རྣམ་གྲངས“རྣམ་པ་གསར་པའི་གློག་ཤུགས་མ་ལག་ལ་འདེགས་སྐྱོར་བྱས་ཏེ་བསྐྲུན་པའི་ནུས་རྒྱུ་གསར་པའི་མཛའ་གྲོགས་དྲ་སྦྲེལ་དང་། ཡོན་ཧོ་མཉམ་ལས་ལག་རྩལ། གནད་འགག་གི་སྒྲིག་ཆས་ཞིབ་འཇུག”བཅས་དངོས་སུ་ལག་བསྟར་བྱེད་མགོ་བརྩམས། རྣམ་གྲངས་ཀྱི་གྲུབ་འབྲས་གྲུབ་རྗེས། བསྡུར་ཚད་མཐོ་བའི་དྭངས་གཙང་ནུས་རྒྱུ་དང་བསྡུར་ཚད་མཐོ་བའི་གློག་ཤུགས་གློག་རྡུལ་སྒྲིག་ཆས་ཀྱི་ཁྱད་ཆོས་ལྡན་པའི་གློག་ཤུགས་མ་ལག་གི་བདེ་འཇགས་དང་བརྟན་འཇགས་སྒོས་ཆུ་ཚད་མཐོ་རུ་འགྲོ་རྒྱུ་རེད། ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་རྣམ་པ་གསར་པའི་གློག་ཤུགས་མ་ལག་འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར། མཚོ་སྔོན་གྱི་ཇུས་གཞི་མཁོ་འདོན་བྱས་པས་དཔེ་སྟོན་གྱི་ཕན་འབྲས་ཐོན་ཡོད། དེ་དང་ཆབས་ཅིག་ས་གནས་མ་འཇོག་ལ་སྐུལ་ཁྲིད་དང་། ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་ལ་སྐུལ་ཁྲིད། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལའང་དོན་སྙིང་གལ་ཆེན་ལྡན་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2021ལོའི་ཟླ12པའི་ཟླ་མཇུག་བར། མཚོ་སྔོན་གློག་དྲའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི4114ལ་སླེབས་པའི་ནང་། ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི2528ཟིན་པ་དང་། དེས་བསྡུར་ཚད61.5%བཟུང་ཡོད་ལ། ནུས་ཁུངས་གཙང་མའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི3721ལ་སླེབས་ཡོད་པས། བསྡུར་གྲངས90.45%བཟུང་ཡོད་པ་བཅས་ལས། མཚོ་སྔོན་གློག་དྲ་དེ་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་དང་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་མཐོ་ཤོས་ཀྱི་ཞིང་ཆེན་ས་ཁོངས་གློག་དྲ་ཞིག་ཏུ་གྱུར་ཡོད།

ཤེས་གསལ་བྱུང་བ་ལྟར་ན། རྣམ་གྲངས་འདི་ནི་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས་སྣེ་ཁྲིད་དང་ཆིན་ཧྭ་སློབ་ཆེན་དང་། མཚོ་སྔོན་སློབ་ཆེན། ནན་ནན་རུའེ་ཅིས་པའོ་བཟོ་སྐྲུན་ལག་རྩལ་ཚད་ཡོད་ཀུང་སི་སོགས་མཐོ་རིམ་སློབ་གྲྭ་དང་ཁེ་ལས་མང་པོ་དང་མཉམ་དུ་ཞིབ་འཇུག་བྱས་པ་རེད། རྣམ་གྲངས་དེར་ཁྱོན་ཞིབ་འཇུག་བྱ་གཞི5བཀོད་སྒྲིག་བྱས་ནས2024ལོའི་ལོ་མཇུག་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།