མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི8.62ལ་སླེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་གསལ་བྱུང་བར། 2021ལོར་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་བདེ་འཇགས་སྟབས་བདེ་དང་། ཤར་གཏོང་ནུས་ལྡན། ལྗང་མདོག་རིག་ནུས་བཅས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས་པས། ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཁྲི8.62ཟིན་ཡོད་པ་དང་། དེ་ལོ་སྔོན་མ་ལས་སྤྱི་ལེ1021ཇེ་མང་དུ་ཕྱིན་ཡོད། དེའི་ནང་མྱུར་བགྲོད་གཞུང་ལམ(རིམ་པ་དང་པོ་ཚུད་པ)སྤྱི་ལེ4101ལ་སླེབས་པ་དང་། རིམ་པ་གཉིས་པའི་གཞུང་ལམ་གྱིས་སྤྱི་ལེ9116ལ་སླེབས་ལ། རིམ་པ་གསུམ་པ་དང་དེའི་མན་གྱི་གཞུང་ལམ་གྱིས་སྤྱི་ལེ་ཁྲི7.29ལ་སླེབས་ཡོད་པས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ཡག་པོ་བཙུགས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་ལྡན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

《མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་འཆར་འགོད》དང《རྨ་ཆུ་མཚོ་སྔོན་དུ་བཞུར་བའི་རྒྱུད་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》བཟོས་ནས་ལེགས་གྲུབ་བྱུང་བ་དང་། 《མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་འཆར་འགོད》ཀྱིས་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་འདི་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ནང་སྔར་ལས་ལྷག་པར་མཉམ་འདྲེས་ཐུབ་པར་སྔོན་ལ་ལག་བསྟར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་། རྨ་ཆུ་བཞུར་རྒྱུད་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བ། གཙང་གསུམ་མགོ་ཁུངས་ས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་དང་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་ཞིབ་འཇུག་བྱེད་པའི་ཚོད་ལྟའི་ལས་འགན་ཁག3གྲུབ་འབྲས་ལྡན་པའི་ངང་རེ་ཞུ་བྱས་པ་དང་། མཉམ་འབྲེལ་ཐོག་འཕེལ་སྒྱུར་དང་ནོར་སྲིད། རང་བྱུང་ཐོན་ཁུངས། རིག་གནས་ཡུལ་སྐོར། ཆུ་བེད་སོགས་སྡེ་ཁག་བཅས་ཀྱིས《འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྩ་གནད་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་རྩོམ་པའི་ལག་བསྟར་བསམ་འཆར》འཆར་ཟིན་འགོད་པའི་ངོ་བོའི་ཐད་གོམ་སྟབས་གསར་པ་སྤོས། 

ལོ་ཧྲིལ་པོར་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར241བཏང་ནས། འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་འགན་སྲུང་སྔར་ལས་ལེགས་པ་བྱས་ཡོད། གཅན་ཚ་ནས་གུང་ཧོ་དང་སྨར་ཁམས་བར་གྱི་ཡན་ལག་ལམ་ཐིག་དང་། ཟི་ལིང་ནས་ཧུའུ་ཀྲུའུ་གཞུང་ལམ་ཐང་ཁྲོན་ནས་ཝུའེ་ཡོན་བར་གྱི་ལམ་མཚམས། ལྷོ་སྐོར་མཁར་ཤར་རྒྱུད་ཀྱི་ལམ་དུམ་སོགས་ཀྱི་གཞུང་ལམ་རྣམ་གྲངས5འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་བྱས་ཡོད་པ་དང་། ཞའོ་ཞ་ཁུག་ཝང་ཅ་གྲོང་ཚོ་ནས་ཁུ་ནུ་ལམ་བར་གྱི་བསྐྱར་སྐྲུན་བཟོ་སྐྲུན་མགོ་བརྩམས་པ་དང་། ཅ་ཏིང་ནས་ཞིས་ཧའེ་བར་སོགས་ཀྱི་མཐུད་སྐྲུན་རྣམ་གྲངས23ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། རྣམ་གྲངས་འཛུགས་སྐྲུན་བརྟན་འཇགས་སྒོས་འཕེལ་རྒྱས་བྱུང་ཡོད།

ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མ་དང་གྲོང་གསེབ་ཀྱི་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར22བཏང་ནས་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ1727གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། ཤང་དང་གྲོང་རྡལ8ལ་རིམ་པ་གསུམ་པའི་གཞུང་ལམ་ཤར་གཏོང་དང་། རང་བྱུང་གྲོང་ཚོ150ལ་ཨར་འདམ་ལམ་ཤར་གཏོང་བྱས་ཡོད། ཤང་དང་གྲོང་རྡལ་གྱི་སྐྱེལ་འདྲེན་ཞབས་ཞུའི་ས་ཚིགས15འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ3ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པ་དེས་ཐུན་མོང་ཕྱུག་འགྱུར་བྱུང་བའི་ལག་ལེན་གྱི་ལམ་བུ་སྔར་ལས་ཤར་གཏོང་བྱས་ཡོད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།