ཟི་ལིང་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ“དུས་ཆེན་གཉིས”ཀྱི་འཚོ་བའི་ཁ་གསབ་སྒོར་ཁྲི2101.41སྤྲད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས10ཉིན་ཟི་ལིང་གྲོང་ཁྱེར་གྱིས་དངུལ་ཁང་སྤྱི་ཚོགས་ཅན་གྱི་ཐབས་ལམ་བརྒྱུད་དེ་གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས46865ལ“དུས་ཆེན་གཉིས”ཀྱི་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་དངུལ་སྒོར་ཁྲི2101.41སྤྲད་པ་རེད།

ཐེངས་འདིར་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། དམིགས་བསལ་དཀའ་ངལ་ཡོད་པའི་བདག་སྐྱོང་བྱ་ཡུལ། གཙོ་གནད་གཟིགས་སྐྱོང་བྱ་ཡུལ། རྒྱལ་ཁབ་དབུ་མ་བརྙེས་གོང་གི་ཏང་ཡོན་རྒན་གྲས་བཅས་ཚུད་ཡོད་པ་རེད། 2011ལོར་ཟི་ལིང་གྲོང་ཁྱེར་གྱིས“དུས་ཆེན་གཉིས”ཀྱི་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་ཐེངས་དང་པོ་སྤྲད་པ་ནས་བཟུང་། ལོ་བཅུ་གཅིག་བསྟུད་མར“དུས་ཆེན་གཉིས”སྐབས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྤྲད་པ་རེད། ཐེངས་འདིར“དུས་ཆེན་གཉིས”སྐབས་སུ་སྟེར་ཐེངས་གཅིག་གི་འཚོ་བའི་ཁ་གསབ་སྤྲད་པ་དེས་ཏང་དང་སྲིད་གཞུང་གིས་དམངས་ལ་ཞབས་འདེགས་ཞུ་པར་འགན་འཁྲི་ཨང་དང་པོར་བརྩི་བ་དང་མི་དམངས་མང་ཚོགས་ཀྱི“སེམས་ཁྲལ་དང་རེ་སྒུག་བཅས་བྱེད་པའི་”གནད་དོན་ཐག་གཅོད་གང་ལེགས་བྱས་པ་རེད། 

རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་སྤྱི་ཚོགས་རོགས་སྐྱོབ་ཁ་གསབ་མ་དངུལ་སྔོན་ལ་སྤྲོད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ད་ལོའི་ཟླ་བ་དང་པོ་དང་གཉིས་པའི་མ་མཐའི་འཚོ་བའི་འགན་ལེན་དང་དམིགས་བསལ་དཀའ་ངལ་ཡོད་པའི་བདག་སྐྱོང་བྱ་ཡུལ་བཅས་ལ་སྟེར་ཐེངས་གཅིག་གི་ཁ་གསབ་རོགས་དངུལ་འདང་ངེས་སྔོན་ལ་སྤྲད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི“དུས་ཆེན་གཉིས”སྐབས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱ་རྒྱུ་རེད།   །  

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།