ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་ཡུང་གིས་མིན་ཡོན་རྫོང་ནས་ས་ཡོམ་གྱི་གནོད་འཚེ་རོགས་སྐྱོབ་གནས་ཚུལ་ལ་བརྟག་དཔྱད་མཛུབ་སྟོན་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གནོད་ཐེབས་ས་ཁུལ་དུ་ཕེབས་ཏེ། ཡུལ་དངོས་ནས་ས་ཡོམ་གྱི་གནོད་ཐེབས་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། གནོད་ཐེབས་དཀའ་ངལ་ཅན་གྱི་མང་ཚོགས་ལ་འཚམས་འདྲི་བྱས། 

ཁོང་ཡུང་སྔ་རྗེས་སུ་མིན་ཡོན་རྫོང་རྒྱལ་མཁར་ཤང་དང་། སྡེ་བརྒྱད་དེའུ་འབུར་གྲོང་རྡལ། འཇུ་ལག་གྲོང་རྡལ་བཅས་སུ་ཕེབས་པ་དང་། ས་གནས་རེར་སླེབས་རྗེས་ཁང་པར་གནོད་སྐྱོན་ཐེབས་ཚུལ་དང་གནོད་ཐེབས་མང་ཚོགས་བཀོད་སྒྲིག་གནས་ཚུལ་ལ་ནན་ཏན་ཞིབ་ཚགས་ཀྱིས་རྟོག་ཞིབ་བྱས་པ་དང་། ཁུལ་དང་རྫོང་གི་འགན་ཁུལ་བློ་མཐུན་ལ་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ལེགས་པོ་བྱེད་ཅིང་། སྙིང་རུས་ཡོད་པ་དང་བློ་ཞིབ་མོས་མང་ཚོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཏེ། གནོད་ཐེབས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཁག་ཐེག་བྱེད་དགོས་པ་མངག་བཅོལ་བྱས། 

ཁོང་ཡུང་གིས་བསྟན་དོན། གནོད་འཚེ་བྱུང་བའི་རྗེས་སུ། ཞིང་ཆེན་དང་ཁུལ། རྫོང་རིམ་པ་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སྟོབས་ཤུགས་ཡོད་རྒུས་སྤེལ་བ། གནོད་ཐེབས་སྐྱོབ་བཅོས་དུས་ལྟར་བྱས་པ། གནོད་ཐེབས་གནས་ཚུལ་གྲལ་བཤེར་བྱས་པ་མགྱོགས་པ། མང་ཚོགས་བཀོད་སྒྲིག་གོ་རིམ་ལྡན་པ། སྤྱི་ཚོགས་ཀྱི་འགྲོ་ཕྱོགས་བརྟན་ལྷིང་ཡིན། ཁོང་ཡུང་གིས་ནན་གྱིས་གསུང་དོན། མིག་སྔར་གནོད་ཐེབས་མང་ཚོགས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་ཁམས་འདྲི་དང་རྗེས་མཐུད་ཐོན་སྐྱེད་འཚོ་བ་སླར་གསོའི་བྱ་བ་ཞིབ་ཅིང་གནད་ལ་ཁེལ་བའི་སྒོ་ནས་ལེགས་པོར་སྒྲུབ། རིམས་ནད་འགོག་སྡོམ་དང་དངོས་ཟོག་འདོན་སྤྲོད། དངོས་གོང་བརྟན་ལྷིང་བཅས་སྤྱི་འདོམས་བྱེད་པ། སྤྱི་ཚོགས་འགྲོ་ཕྱོགས་མུ་མཐུད་དུ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཏེ། གནོད་ཐེབས་མང་ཚོགས་ཀྱིས་གཏན་འཇགས་ངང་ལོ་གསར་ལ་རོལ་བར་ཁག་ཐེག་བྱེད་དགོས། མངོན་མིན་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་ཇེ་དྲག་ཏུ་གཏོང་བ་དང་། ལྕགས་ལམ་དང་བཟོ་གཏེར་ཁེ་ལས། གཏེར་སྙིགས་མཛོད། ཆུ་མཛོད། ཆུ་གློག་ཆ་ཚུགས། ཟམ་པ་སྦུབས་ཆུ། འཛུགས་སྐྲུན་བཟོ་གནས་སོགས་ཐོན་སྐྱེད་ལས་གཉེར་གནས་བཅས་སུ་ཁྱོན་ཡོངས་དང་བློ་ཞིབ་མོས་བདེ་འཇགས་རྐྱེན་ངན་གྲལ་བཤེར་བྱས་ཏེ། མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་འབྱུང་བར་ནན་མོ་འགོག་དགོས། གནོད་ཐེབས་དཔྱད་དཔོག་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏོང་བ་དང་། དངོས་ཐོག་བདེན་འཚོལ་དང་ཚན་རིག་གནད་ཁེལ་གྱི་རྣམ་འགྱུར་བཟུང་ནས། གནོད་ཐེབས་ཡོངས་བཤེར་དཔྱད་དཔོག་གཞི་གྲངས་གཏན་འབེབས་ལེགས་པོར་སྒྲུབ་པ། དུས་ལྟར་གནོད་ཐེབས་གནས་ཚུལ་ཡར་ཞུ་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་བྱེད་པར་བརྩོན་ལེན་བྱེད་དགོས། གནོད་རྗེས་བསྐྱར་སྐྲུན་གྱི་ཇུས་འགོད་ཚན་རིག་དང་མཐུན་པར་བཟོ་བ་དང་། གཙོ་གནད་ལས་འགན་དང་གཙོ་གནད་དམིགས་འབེན་གསལ་པོར་བཟོ་བ། སེམས་ཤུགས་གཅིག་སྒྲིལ་དང་སྟོབས་ཤུགས་ཡོད་རྒུས་གནོད་རྗེས་བསྐྱར་སྐྲུན་སླར་གསོའི་ལས་དོན་ཁག་སོ་སོ་ནན་ཏན་དང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་དགོས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།