ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་གི་ཆེད་སྤྱོད་བཅོས་སྐྱོང་བྱ་བ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས11ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་སྣེ་ཁྲིད་དེ། སྤྱི་བདེ་དང་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས། དུས་ཡུན་ཟླ2སྤྱད་དེ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་2022ལོའི་དགུན་གནང་གི་སྐབས་སུ་རིག་ཚན་སློབ་ཕྱིའི་གསོ་སྦྱོང་གི“ཚུལ་མཐུན་མིན་པའི་སྡེ་ཁག”“བརྡ་ཁྱབ་ཆུང་བ”“ལྐོག་ནས་གསོ་སྦྱོང”བྱེད་པསོགས་ཀྱི་ཆེད་སྤྱོད་བཅོས་སྐྱོང་བྱ་བ་སྤེལ་རྒྱུ་རེད།

“གཉིས་འཕྲི”བྱ་བ་མགོ་བརྩམས་པའི་རིང་ལ། རང་ཞིང་གིས་སློབ་ཕྱིའི་གསོ་སྦྱོང་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་རིག་ཚན་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་ཚང་མ་ཉུང་དུ་བཏང་ནས་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས། དགུན་གནང་ཐོན་ལ་ཉེ་བའི་དུས་དང་བསྟུན་ནས། ཉེ་ཆར་ཟི་ལིང་དང་མཚོ་ཤར་སོགས་ས་གནས་སུ་རིག་ཚན་སློབ་ཕྱིའི་གསོ་སྦྱོང་བྱེད་ས་དེ་ལྐོག་ནས་ཚོང་གཉེར་བྱེད་པའི་བྱ་སྤྱོད་བྱུང་བ་དང་། མི་སྣ་ཁ་ཤས་ཀྱིས་གང་འདོད་དུ་གསོ་སྦྱོང་བརྡ་ཁྱབ་སྤེལ་བ་དང་། ཀྲུང་དབྱང་དང་རང་ཞིང་གི་བྱ་བའི་བླང་བྱ་སྣང་མེད་དུ་བཞག་ནས། “གཉིས་འཕྲི”བྱ་བའི་སྲིད་ཇུས་ལ་འགྲན་བསླངས་ཤིང་། ཀྲུང་དབྱང་གི“གཉིས་འཕྲི”བསམ་འཆར་དང་རང་ཞིང་གི་“གཉིས་འཕྲིའི”བྱེད་ཐབས་ཁྲོད་ཀྱི་རིག་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ལ་བརྡ་ཁྱབ་སྤེལ་མི་ཆོག་པ་དང་། ལྐོག་ནས་གསོ་སྦྱོང་བྱེད་པའི་བླང་བྱ་དང་རྒྱབ་འགལ་བྱས་ནས། སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་གྲགས་འགུལ་ཆེན་པོ་བཟོས་པ་དང་སྤྱི་ཚོགས་ཀྱི་ཤན་ཤུགས་མི་ལེགས་པ་བཟོས་ཤིང་། ཁྱད་པར་དུ་རྒྱལ་ནང་གི་རིམས་ནད་ཕྱོགས་བཞིར་ཁྱབ་པའི་རྒྱབ་ལྗོངས་ཆེན་པོའི་འོག “ཚུལ་མཐུན་མིན་པའི་སྡེ་ཁག”བྱུང་བ་དེས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏན་འཇགས་ཐད་ཤན་ཤུགས་ངན་པ་བཟོས་པ་དང་། སྤྱི་ཚོགས་གཏན་འཇགས་ལ་བར་ཆད་བཟོས་པས། དཔེར་མཚོན་གྱི་གྱོད་དོན་ལ་དོ་དམ་ནན་འཛིན་བྱེད་པ་དང་། མྱུར་དུ་རྩད་ཞིབ་བྱས་ཏེ་ཟིལ་ཤུགས་ཆགས་པར་བྱེད་དགོས། 

རྒྱུས་ལོན་པ་ལྟར་ན། ཆེད་སྤྱོད་བཅོས་སྐྱོང་གིས་སྡེ་ཁག་གང་རུང་དང་མི་སྒེར་གྱིས་བློ་འདྲི་དང་རིག་གནས་དྲིལ་སྒྲོག ཁྱིམ་ལས་ཞབས་ཞུ། ཁྱིམ་ཞུ་དགེ་རྒན། ཁྱིམ་སྡོད་དགེ་རྒན། སློབ་སྦྱོང་གི་སྤྲོ་བ་སྤེལ་བ། ལས་བྱ་སྦྱོང་བརྡར། སྐར་གྲངས་མཐོར་འདེགས། འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་གྲ་སྒྲིག དེ་མིན་སློབ་སྦྱོང་གི་བྱེད་ཐབས་སྦྱོང་བརྡར། སློབ་གཉེར་འཆར་འགོད། བསམ་བློའི་གསོ་སྦྱོང་སོགས་ཁ་གསལ་ལའམ་ལྐོག་ནས་རིག་ཚན་རིགས་ཀྱི་སློབ་སྦྱོང་གསོ་སྦྱོང་གི་བྱ་སྤྱོད་ལ་རྩད་ཞིབ་ནན་མོ་བྱེད་པ་དང་། རིགས་སོ་སོའི་ཁྱབ་ཁོངས་ལས་བརྒལ་བའི་ཚོང་གཉེར་དང་སྒྲིག་འགལ་ངང་རིག་ཚན་གསོ་སྦྱོང་གི་བྱ་སྤྱོད་ལ་ཆེད་སྤྱོད་བཅོས་སྐྱོང་བྱ་རྒྱུ་རེད།

ཆེད་སྤྱོད་བཅོས་སྐྱོང་གི་སྐབས་སུ། ཐོག་མར་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་འགལ་བའི་མི་སྣར། སློབ་གསོ་སྡེ་ཁག་དང་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག སྤྱི་བདེ་ལས་ཁུངས་བཅས་ཀྱིས་དམིགས་བསལ་ས་གནས་སུ་མཉམ་འབྲེལ་སྒོས་སྐྱོན་བརྗོད་སློབ་གསོ་གཏོང་བ་དང་། བཅའ་ཁྲིམས་དང་འགལ་བའི་སྐྱོན་ཆ་གསལ་བརྗོད་བྱེད་པ། དེ་མིན་བརྡ་འཕྲིན་ཐོ་འགོད་དང་། སློབ་གསོ་གང་མང་བཏང་ཡང་མཚམས་མི་འཇོག་མཁན་དང་། ཐེངས་མང་པོར་སྒྲིག་འགལ་བྱས་པའི་མི་སྣར་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས《བརྡ་ཁྱབ་བཅའ་ཁྲིམས》དང《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་བླང་བྱ་ལྟར། ཆད་གཅོད་དང་སྲིད་འཛིན་ཆད་གཅོད་བྱ་རྒྱུ་རེད། དུས་མཚུངས་སུ། སློབ་ཕྱིའི་གསོ་སྦྱོང་བརྡ་ཁྱབ་དོ་དམ་ཚོད་འཛིན་ལ་ཤུགས་བསྣོན་དང་། སྨྱན་བྱད་གཙོ་ཁག་དང་དྲ་རྒྱའི་སྟེགས་བུ། སྤྱི་བའི་མི་མང་འཚོགས་ས། སྡོད་དམངས་ཁུལ་སོགས་སུ་དྲ་ཐོག་དང་ཡུལ་དངོས་ཀྱི་སློབ་ཕྱིའི་གསོ་སྦྱོང་བརྡ་ཁྱབ་སྤེལ་བར་ཁྱོན་ཡོངས་ནས་གཙང་ཕྱག་བྱེད་རྒྱུ་རེད། གཞི་རིམ་གཞིས་ཁུལ་དང་སྲང་ལམ། གྲོང་སྡེ་བཅས་ཀྱིས་ཀྱང་མཉམ་འགོག་མཉམ་སྡོམ་བྱེད་པ་དང་། དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་རྣམ་པས། སློབ་ཕྱིའི་གསོ་སྦྱོང་བརྡ་ཁྱབ་དེ་གཞིས་ཁུལ་སྲང་ལམ་དང་སྡོད་དམངས་ཐོག་ཁང་དུ་སྤེལ་བར་བཀག་འགོག་བྱེད་དགོས། ཞིང་ཆེན་སློབ་གསོ་ཐིང་གིས་སྤྱི་ཚོགས་ལས་རིགས་ཁག་སོ་སོས་རང་ཞིང་གི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་བཅོས་སྐྱོང་ཐད་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅིང་། སློབ་ཕྱིའི་གསོ་སྦྱོང་བརྡ་ཁྱབ་དང་གསོ་སྦྱོང་བྱེད་པའི་བྱ་སྤྱོད་མཐོང་ཚེ། དུས་ཐོག་ཏུ་ཁོངས་གཏོགས་སློབ་གསོའི་སྲིད་འཛིན་སྡེ་ཁག་ལ་ཞུ་གཏུགས་བྱས་ཆོག །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།