ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་མ་ལག་གིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་གང་ནུས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་བཅོས་སྒྱུར་གྱི་ཕན་འབྲས་བརྡ་ཁྱབ་བཏང་། ལོ་གསུམ་གྱི་བཅོས་སྒྱུར་རིང་ལ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་བདེ་འཇགས་ཐོན་སྐྱེད་འགན་འཁྲི་ནན་མོར་བཟུང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག”དང“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་མཇུག”གཉིས་བསྡུར་ན། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ཚོང་གཉེར་རང་བཞིན་གྱི་དོན་རྐྱེན་བྱུང་གྲངས་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས། དོན་རྐྱེན་ཅུང་ཆེན་པོའི་བྱུང་གྲངས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་བཅས་སོ་སོ་ནས16.1%དང་། 31.8%དང་། 62.5%དང་། 62.5%བཅས་མར་ཆག 

2018ལོའི་ཟླ11པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དེ་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྡེ་ཁག་ཅིག་ཡིན་པའི་མིང་ཐོག་ནས་བཙུགས་ཤིང་། ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་ཁུལ8དང་། རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)45བཅས་ཀྱི་འཕྲལ་བསྟུན་དོ་དམ་ཅུའུ་ཁྱོན་ཡོངས་ནས་བཙུགས་པ་དང་། འཕྲལ་བསྟུན་དོ་དམ་མ་ལག་གིས་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་བར་ནུས་པ་གལ་ཆེན་བཏོན། 2020ལོའི་ཟི་ལིང་གྲོང་ཁྱེར་གྱི“1·13”སྤྱི་སྤྱོད་རླངས་འཁོར་བརྡིབས་པའི་རོགས་སྐྱོབ་ལས་རིམ་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་ལ་ཕན་ནུས་ཆེ་བས། 2020ལོའི་རྒྱལ་ཡོངས་ཀྱི་འཕྲལ་བསྟུན་རོགས་སྐྱོབ་ཀྱི་དཔེ་མཚོན་དོན་རྐྱེན་བཅུའི་གྲས་སུ་བདམས། 2021ལོའི“5·22”རྨ་སྟོད་ཀྱི་རིམ་པ7.4ཅན་གྱི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་བྱ་བ་སྒྲུབ་པ་མྱུར་བ་དང་། བཀོད་འདོམས་ལ་སྟོབས་དང་ལྡན་པ། མཐུན་སྦྱོར་ལ་ཕན་ནུས་ཆེ་བ། འགན་སྲུང་ཚད་དང་ལོན་ཡོད་པས། “ཡོམ་ཚད་མཐོ་ཡང་ཚེ་ལས་འདས་པ་མེད་ཅིང་རྨས་སྐྱོན་ཉུང་བའི”ངོ་མཚར་གྱི་མཛད་རྗེས་གསར་དུ་སྐྲུན། ཚྭ་འདམ་སོལ་གཏེར་གྱི“8·14”དོན་རྐྱེན་ཆེན་མོའི་རོགས་སྐྱོབ་དཀའ་ཁག་རབ་ཏུ་ཆེ་བ་དང་། ཆ་རྐྱེན་ཧ་ཅང་དཀའ་སྡུག་ཆེ་ན་ཡང་། རོགས་སྐྱོབ་མི་སྣས་དཀའ་ངལ་ཁྱད་དུ་བསད་པ་དང་། ཚན་རིག་དང་མཐུན་ཞིང་གོ་རིམ་ཡོད་པ། སྐར་ཆ་གཅིག་ཡིན་ཡང་བརྩོན་ལེན་བྱས་ཏེ་འབད་འཐབ་བྱས་པ་བརྒྱུད། འདས་གྲོངས་སུ་གྱུར་པའི་མི་སྣའི་འཚོལ་ཞིབ་བྱ་བ་ཚང་མ་ལེགས་པར་གྲུབ། 

ལོ་གསུམ་གྱི་རིང་ལ། འཕྲལ་བསྟུན་རོགས་སྐྱོབ་མ་ལག་འཛུགས་སྐྲུན་མུ་མཐུད་དུ་འཐུས་ཚང་དུ་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་སྔོན་ཇུས་བཟོ་བཅོས་རིམ་བཞིན་འཐུས་ཚང་དུ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་འཕྲལ་བསྟུན་སྔོན་ཇུས་དང་། ཆེད་དོན་ཁག14དང་། སྡེ་ཁག་གི་འཕྲལ་བསྟུན་སྔོན་ཇུས་བཟོ་བཅོས་བྱ་བ་ལེགས་འགྲུབ་བྱས། དེའི་ཁྲོད་དུ《མཚོ་སྔོན་ཞིང་ཆེན་གྱི་ཐོལ་བྱུང་དོན་རྐྱེན་སྤྱིའི་སྔོན་ཇུས》དེ་རྒྱལ་ཁབ་ཀྱི་སྤྱིའི་སྔོན་ཇུས་ལས་སྔ་ཞིང་། 2021ལོའི་ཟླ4པར་དངོས་སུ་སྒོར་བཏོན་ནས་འགྲེམ་སྤེལ་བྱས་ལ། རྒྱལ་ཡོངས་སུ་སྔོན་ཇུས་བཏོན་པའི་ཞིང་ཆེན་དྲུག་པར་གྱུར། རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་མངའ་ཁོངས། གཙོ་གནད་ལས་རིགས་ཁེ་ལས། མཁའ་འགྲུལ། ས་གཤིས་ས་ཡོམ། མི་མེད་འཕུར་གྲུ། འགྲིམ་འགྲུལ་འགན་སྲུང་། སྨན་བཅོས། ཆེད་མཁས་པར་འདྲི་རྟོག་སོགས་རོགས་སྐྱོབ་རུ་ཁག་རིགས་མི་འདྲ་བ80ལྷག་གི་མི་གྲངས3000ལྷག་ལ་སླེབས་ཤིང་། དེའི་ཁྲོད་ཞིང་ཆེན་རིམ་པའི་འཕྲལ་བསྟུན་རོགས་སྐྱོབ་རུ་ཁག30ཡོད། ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གཙོ་ཤུགས་ཡིན་པ་དང་། ཞིང་ཆེན་རིམ་པའི་མངའ་ཁོངས་རང་བཞིན་གྱི་རོགས་སྐྱོབ་རུ་ཁག་རྐང་འཛིན་ཡིན་པ། ལས་རིགས་ཁེ་ལས་ཆེད་གཉེར་རོགས་སྐྱོབ་རུ་ཁག་རྨང་གཞི་ཡིན་པ། སྤྱི་ཚོགས་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་ཁ་གསབ་ཡིན་པའི་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་མ་ལག་གཞི་རྩའི་ཆ་ནས་ལེགས་པར་བཙུགས་ཡོད། འཕྲལ་བསྟུན་རོགས་སྐྱོབ་མཁའ་འགྲུལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། པེ་ཨར407འཕྲལ་བསྟུན་རོགས་སྐྱོབ་ཐད་འཕུར་གནམ་གྲུ་དུས་ཚོད24རིང་ལ་གྲ་སྒྲིག་དང་ལས་གཉེར་བྱེད་པ་དངོས་འབེབས་བྱས་ཏེ། རང་ཞིང་གི་མཁའ་སྐྱོད་འཕྲལ་བསྟུན་རོགས་སྐྱོབ་སྟོབས་ཤུགས་མེད་པའི་སྟོང་ཆ་བསྐངས་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།