ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི2022ལོའི་དྲ་ལམ་གྱི་ལོ་གསར་ཚོང་རྫས་ཉོ་ཚོང་དུས་ཆེན་སྤེལ་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྫས་ཁྲོམ་རའི་མཁོ་འདོན་འདང་བ་དང་། དྲ་ལམ་འཛད་སྤྱོད་ལ་སྣེ་ཁྲིད་གང་ལེགས་བྱེད་པ། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་སྔར་ལས་སློང་བ། དུས་ཆེན་སྐབས་ཀྱི་འཛད་སྤྱོད་ཁྲོམ་ར་གསོན་ཤུགས་རྒྱས་པར་བྱེད་པ་བཅས་ཀྱི་ཆེད་དུ། ཟླ1པོའི་ཚེས10ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གིས་ཞིང་ཆེན་བཟོ་འཕྲིན་ཐིང་དང་། ཞིང་ཆེན་ཁྲོམ་རའི་ལྟ་རྟོག་དོ་དམ་ཅུའུ། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ། ཞིང་ཆེན་འཛད་སྤྱོད་པའི་མཐུན་ཚོགས་བཅས་དང་མཉམ་དུ་སྒྲུབ་པའི“མཚོ་སྔོན་ཞིང་ཆེན་གྱི2022ལོའི་དྲ་ལམ་གྱི་ལོ་གསར་ཚོང་རྫས་ཉོ་ཚོང་དུས་ཆེན”གྱི་བརྙན་ལམ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་བསྡུས་ཤིང་། “མཚོ་སྔོན་ཞིང་ཆེན་གྱི2022ལོའི་དྲ་ལམ་གྱི་ལོ་གསར་ཚོང་རྫས་ཉོ་ཚོང་དུས་ཆེན”ཡང་དེ་དང་མཉམ་དུ་སྤེལ་མགོ་བརྩམས། 

ཐེངས་འདིའི་དྲ་ལམ་གྱི་ལོ་གསར་ཚོང་རྫས་ཉོ་ཚོང་དུས་ཆེན་ནི་ཟླ1པོའི་ཚེས10ཉིན་མགོ་བརྩམས་པ་དང་། ཟླ2པའི་ཚེས7ཉིན་མཇུག་བསྡུམ་རྒྱུ་ཡིན་ཞིང་། བསྟུད་མར་ཉིན29ལ་སྤེལ་རྒྱུ་རེད། ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ནང་ཁུལ་ཤང་གྲོང་གི་སྡོད་དམངས་ཀྱི་དཔྱིད་གསར་གུང་གསེང་སྐབས་ཀྱི་ཟ་མ་དང་། ཞག་སྡོད། འགྲུལ་སྐྱོད། ཡུལ་སྐོར། རོལ་རྩེད། ཉོ་ཚོང་སོགས་ཀྱི་འཛད་སྤྱོད་དགོས་མཁོ་སྣ་མང་ལ་དམིགས་ཏེ། རང་ས་གནས་ཀྱི་གློག་རྡུལ་ཚོང་རའི་ཁེ་ལས་དང་། གདོས་བཅས་ཁེ་ལས། ཟོང་སྐྱེལ་འཁོར་རྒྱུག་ཁེ་ལས་བཅས་ཀྱི་སྣེ་ཁྲིད་དེ་ཚད་ལོངས་ན་འཐེན་པ་དང་སྐྱེས་འབུལ་བ། ཕབ་གཅོག་ཁེ་སྟེར། ཁུག་དམར་ཁ་གསབ། དམིགས་བསལ་གཟིགས་སྐྱོང་སོགས་རྣམ་པ་སྣ་ཚོགས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ་ཏེ། ཞིང་ཆེན་ནང་ཁུལ་གྱི་འཛད་སྤྱོད་དགོས་མཁོ་བསླང་བ་དང་། ཁྲོམ་རའི་འཛད་སྤྱོད་རྒྱ་བསྐྱེད་པ་རེད།

དུས་མཚུངས་སུ། གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་བརྗེ་རེས་སྟབས་བདེ་དང་། ཚོང་རྫས་ཀྱི་རིགས་ཕུན་སུམ་ཚོགས་པ། སྒོ་མདུན་དུ་སྐྱེལ་བའི་ཞབས་ཞུ་སོགས་ཐད་ཀྱི་དགེ་མཚན་ལེགས་པར་བཏོན་ཏེ། མི་ཚོགས་མི་འདྲ་བ་དང་ཞབས་ཞུ་མི་འདྲ་བའི་དགོས་མཁོ་ལ་དམིགས་པ་དང་། “དྲ་ལམ་ནས་སྔོན་བཀོད་བྱས་ན་སྒོ་མདུན་དུ་སྐྱེལ་བ་དང་།” “དཔྱིད་གསར་དུས་ཆེན་སྐབས་སུ་སྒོ་མི་རྒྱག་པ་དང་ལོ་གསར་གྱི་ཚོང་རྫས་སྒོ་མདུན་དུ་སྐྱེལ་བ།” དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ང་རང་ཞུགས་པ་དང་། ཁངས་འཁྱག་ལུས་རྩལ་ལ་རོལ་བ”སོགས་ཀྱི་སྒེར་ཚུགས་ཅན་གྱི་ཞབས་ཞུ་ཤུགས་ཆེན་པོས་སྤེལ་ནས། ཞིང་ཆེན་ནང་ཁུལ་གྱི་སྡོད་དམངས་ཀྱི་སྣ་མང་རང་བཞིན་གྱི་འཛད་སྤྱོད་དགོས་མཁོ་གང་ནུས་ཀྱིས་ཚིམ་པར་བྱས་པར་མ་ཟད། རྒྱ་ཆེ་བའི་གློག་རྡུལ་ཁེ་ལས་དང་སྟེགས་བུ་ལ་སྣེ་ཁྲིད་དང་སྐུལ་མ་བྱས་ནས། རང་ས་གནས་ཀྱི་དཔལ་འབྱོར་གྱི་རྣམ་པ་འགྱུར་བའི་འཕེལ་རྒྱས་དང་སྡོད་དམངས་ཀྱི་སྤུས་མཐོའི་འཚོ་བའི་དགོས་མཁོར་དམིགས་པ་དང་། ལོ་གསར་ཚོང་རྫས་ཉོ་ཚོང་དུས་ཆེན་སྐབས་སུ“ཞིང་སྡེ་དར་རྒྱས་ཆེད་དམིགས་འདུ་གནས”འཛུགས་པ། རང་ས་གནས་ཀྱི་མངོན་གསལ་ཁྱད་ཆོས་ལྡན་པའི“ཆས་རྟགས་རྙིང་པར་མྱོང་རྟོགས་བྱེད་པ”དང་། “རྐང་ཐང་ཁྲོམ་ལམ་ཉུལ་བ།” “ཡུལ་ཐོན་ཚོང་རྫས་འོས་སྦྱོར་བྱེད་པ”བཅས་ཀྱི་བྱ་འགུལ་ཆ་ཚང་སྤེལ་བ། ཞིང་ཕྱུགས་ཐོན་རྫས་གྲོང་ཁྱེར་དུ་བསྐྱལ་བ་དང་བཟོ་ལས་ཐོན་རྫས་གཞི་རིམ་དུ་བསྐྱལ་བར་སྐུལ་འདེད་བཏང་སྟེ། ཤང་སྡེའི་ཡུལ་སྐོར་སྤྲོ་གསེང་ཞབས་ཞུའི་འདོན་སྤྲོད་རྒྱ་སྐྱེད་རྒྱུ་རེད། 

མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ནི་ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་འཛིན་འཚོ་བ་འཛུགས་སྐྲུན་བྱེད་པའི་བྱ་བའི་དམིགས་འབེན་ལ་ཞབས་ཞུ་སྒྲུབ་པར་དམིགས་ཏེ། འབྲེལ་ཡོད་ལས་ཁུངས་སོ་སོས་འགན་ནུས་བྱ་བ་དང་ཟུང་འབྲེལ་གྱིས་བྱ་འགུལ་ལ་མཛུབ་སྟོན་ལྟ་རྟོག་བྱས་པ་དང་། དྲ་ལམ་འཛད་སྤྱོད་ཁོར་ཡུག་ལེགས་པ་དང་། ཚོང་གཉེར་ཚད་ལྡན་གོ་རིམ་ལེགས་པ། ཐོན་རྫས་ཕུན་སུམ་ཚོགས་ཤིང་སྤུས་ཚད་བཟང་བ་བཅས་ལ་ཁག་ཐེག་བྱས་ཤིང་། དངོས་སྐྱེལ་ཕན་ཕྱོད་ཆེ་ཞིང་། འཛད་སྤྱོད་ཁེ་དབང་འགན་སྲུང་སྟོབས་དང་ལྡན་པས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱིས་ཉོ་ཚོང་རྒྱག་པར་སེམས་དྲོ་ཞིང་བློ་བདེ་བར་བྱས། དྲ་ལམ་འཛད་སྤྱོད་ཀྱི་རིམས་འགོག་བྱེད་ཐབས་གཟབ་ནན་གྱིས་ཇེ་དྲག་ཏུ་བཏང་བ་མ་ཟད། ཚོང་རྫས་ལ་ཐུམ་རྒྱག་པ་དང་། མཛོད་དུ་ཉར་བ། རིགས་དབྱེ་བ། སྐྱེལ་བ་སོགས་གོ་རིམ་གྱི་རིམས་འགོག་འགྲོ་རིམ་ཚད་ལྡན་དུ་བཏང་སྟེ། འབྲེལ་ཡོད་སྒྲིག་ཆས་དང་གསོག་ཉར་མཛོད་ཁང་། མཛོད་ཉར་ཚོང་རྫས་སོགས་གཙང་སྤྲ་དུག་སེལ་ཚད་ལྡན་དུ་བཏང་བ་དང་། རིམས་ནད་མཆེད་པའི་ཉེན་ཁ་ཇེ་དམར་བཏང་སྟེ། མང་ཚོགས་ཀྱི་འཛད་སྤྱོད་བདེ་འཇགས་ལ་ཁག་ཐེག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།