ལིའུ་ཐའོ་ཡིས་མཚོ་ལྷོ་ཁུལ་དུ་ནུས་ཁུངས་གསར་པའི་ལས་གཞིའི་ས་བཀོལ་སྤྱོད་ཀྱི་འགན་ལེན་བྱ་བར་རྟོག་ཞིབ་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དུ་ནུས་ཁུངས་གསར་པའི་ལས་གཞིའི་ས་བཀོལ་སྤྱོད་ཀྱི་འགན་ལེན་བྱ་བར་རྟོག་ཞིབ་གནང་སྐབས། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་ས་བཀོལ་སྤྱོད་བྱེད་པའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ས་ཆའི་རྒྱུ་རྐྱེན་ལས་གཞི་དང་བསྟུན་པ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་འབྲེལ་མཐུད་དང་གནད་དུ་ཁེལ་བར་མཁོ་འདོན་བྱས་ནས་ནུས་ཁུངས་གསར་པ་སོགས་གཙོ་གནད་ལས་གཞི་སྔ་མོ་ནས་དོན་འཁྱོལ་དང་སྔ་མོ་ནས་ཕན་འབྲས་ཐོན་པར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་འཛུགས་ཆེད་ས་མཐོའི་རྒྱུ་རྐྱེན་གྱི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཐའོ་སྔ་གཞུག་ཏུ་མུ་གེ་ཐང་གི་མཚོ་སྔོན་དང་ཧོ་ནན་གྱི་ཐད་རྒྱུག་དུས་ཐེངས་གཉིས་པའི་དུམ་མཚམས་དང་པོ་དང་གསུམ་པའི་འོད་ཤུགས་ལས་གཞིའི་ཡུལ་དངོས་སུ་བསྐྱོད་ནས། ལས་གཞིའི་ས་བཀོལ་སྤྱོད་ལ་ཞིབ་མཆན་བཀོད་པ་དང་། ས་ཆ་མཁོ་འདོན་སོགས་ཀྱི་རྒྱུ་རྐྱེན་འགན་ལེན་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ཁོང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད”པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཡུལ་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་དང་རླུང་གློག་གི་འོད་ཤུགས་ལས་གཞི་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་ལས་མགོ་བརྩམས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པར་བསྟན། 

ལིའུ་ཐའོ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་གྱིས་སྲུང་བ། རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ནན་གྱིས་མཐའ་འཁྱོངས་བྱེད་པ། འཛུགས་སྐྲུན་ས་ཆ་ཞིབ་མཆན་འགོད་པའི་སྙན་ཞུ་ལ་ཞིབ་བཤེར་དང་ཆོག་མཆན་བཀོད་པའི་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁྲིམས་དང་སྒྲིག་སྲོལ་ལྟར་ས་ཆ་བཀོལ་སྤྱོད་བྱེད་པར་འགན་ལེན་བྱེད་དགོས། འོད་ཤུགས་མཉམ་འདུས་ལས་གཞིའི་ངོས་འཛིན་ཚད་གཞི་དང་། ས་ཆ་འདེམས་པའི་རྩ་དོན། འཛུགས་སྐྲུན་གྱི་བླང་བྱ། ས་ཆ་བཀོལ་སྤྱོད་བྱེད་སྟངས། ལྟ་སྐུལ་དོ་དམ་བྱ་ཐབས་བཅས་ཁ་གསལ་བཟོ་བ། ལྗང་མདོག་བཟོ་སྐྲུན་མཐའ་འཁྱོངས་ཀྱིས་ལས་གཞི་ས་ཁུལ་གྱི་སྔར་ཡོད་ས་དབྱིབས་དང་སྔོ་ཁེབས་རྒྱུན་འཁྱོངས་བྱེད་པ་དང་། ཆོས་ཉིད་ཁོང་དུ་ཆུད་པ་དང་ཡུལ་བབ་དང་བསྟུན་པ། འོད་ཤུགས་ཕྲེང་བསྟར་བྱེ་འཇགས་དང་ཉི་འོད་འགོག་པ་སོགས་ཀྱི་ནུས་པ་དང་ཟུང་འབྲེལ་བྱེད་པ། ཚན་རིག་དང་མཐུན་པའི་ངང་ས་རྒྱུ་ལེགས་བཅོས་སོགས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅོས་སྐྱོང་བྱེད་ཐབས་འཚོལ་ཞིབ་བྱེད་པ། འོད་ཤུགས་བྱེ་བཅོས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་པ། ནུས་ཁུངས་གསར་པའི་ཐོན་ལས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་དང་ཕན་ཚུན་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ཁྲོད་ཀྱི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།