ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཅེ་ཞང་གིས་ཟླ་དང་པོའི་ཚེས་བརྒྱད་ཉིན་མཚོ་སྔོན་མིན་ཡོན་ལ་ཚད་རིམ་དྲུག་ཚེག་དགུའི་ས་ཡོམ་བྱུང་བའི་ཡོམ་འགོག་རྒུད་སྐྱོབ་བྱ་བར་བཀོད་འདོམས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བརྒྱད་ཉིན་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ལ་ཚད་རིམ་དྲུག་ཚེག་དགུ་ཡི་ས་ཡོམ་བྱུང་རྗེས། ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་གི་མངགས་བཅོལ་ལྟར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་དུས་ཚོད་དང་པོའི་ནང་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་སུ་སོང་ནས་ཡོམ་འགོག་རྒུབ་སྐྱོབ་བྱ་བར་བཀོད་འདོམས་བྱས་པ་དང་། མགོ་འཛིན་བྱས་ནས་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཏེ་རྒུད་སྐྱོབ་ཀྱི་ལས་འགན་གལ་ཆེན་ལ་བཀོད་སྒྲིག་བྱས་པ་དང་། མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དང་ཆི་ལེན་རྫོང་སོགས་སུ་སོང་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་བྱས་པར་མ་ཟད། ཁང་བ་དང་ཆུ་གློག་ས་ཚུགས། གཞུང་ལམ། ཟམ་པ་སོགས་ཀྱི་ཆག་སྐྱོན་གནས་ཚུལ་ལ་ལྟ་ཞིབ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་དང་གནོད་པ་ཇེ་ཉུང་དུ་གཏོང་བ། རྒུད་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དངོས་འབེབས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡོམ་འགོག་རྒུད་སྐྱོབ་བྱ་བ་ལེགས་པར་སྒྲུབ་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་གཏན་འཇགས་ལ་འགན་སྲུང་བྱེད་དགོས།

ལི་ཅེ་ཞང་གིས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། གནོད་འགོག་རྒུད་སྐྱོབ་བྱ་བའི་ལས་འགན་ཁུར་སེམས་དང་འགན་འཁྲི་སྒྲུབ་སེམས་ཇེ་དྲག་ཏུ་བཏང་ནས་གནོད་འཚེའི་གནས་ཚུལ་གནད་ཁེལ་ཞིབ་བཤེར་དང་རྨས་མར་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས། སྟོབས་ཤུགས་ཡོད་རྒུས་རོགས་སྐྱོབ་ལག་བསྟར་བྱས་ཏེ། ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་ཁག་དངོས་འབེབས་ཏན་ཏིག་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སོལ་རླངས་འདོན་སྤྲོད་དང་ཆུ་འདོན།  དྲོད་འདོན་སོགས་ལ་ཞིབ་བཤེར་ནན་མོ་བྱས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཁོར་སྐྱོད་ལག་བསྟར་བྱས་ནས་ཆུ་མཛོད་དང་སྦུག་དྲ། ཟམ་དང་ཕུགས་ལམ་སོགས་སྒྲིག་གཞི་གལ་ཆེན་དང་ས་གཤིས་གནོད་འཚེའི་ཉེན་ཁར་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས། གནོད་ཁུལ་གྱི་རིམས་ནད་འགོག་སྡོམ་ལེགས་པར་སྒྲུབ་དགོས་པ་དང་། འཕྲིན་གཏོང་དང་འགྲིམ་འགྲུལ། ཆུ། གློག དྲོད་དང་སོལ་རླངས་སོགས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་དགོས་ལ། གནད་ཁེལ་ཉེན་ཡོལ་ལ་འགན་སྲུང་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་བདེ་ལ་འགོད་དགོས། བྱ་བའི་ལས་འགན་ནན་འཛིན་བྱས་ནས་གནོད་ཐེབས་གནས་ཚུལ་ལ་ཚད་ཞིབ་བྱེད་པའི་སྔོན་དཔག་ཉེན་བརྡ་དང་སྔོན་བརྡ། ཆ་འཕྲིན་སྡོམ་རྩིས་སྙན་ཞུ། ཉེན་ཁ་འགོག་སྡོམ་བཅོས་སྐྱོང་སོགས་ཀྱི་གོ་རིམ་གལ་ཆེན་ལ་དམ་དུ་དམིགས་ནས་རྩ་འཛུགས་དང་བཀོད་གཏོང་ལ་ཤུགས་སྣོན་པ་དང་། ལྟ་སྐུལ་འཛུབ་སྟོན་ཞིབ་བཤེར་ཇེ་དྲག་ཏུ་བཏང་ནས་བྱ་བ་ཁག་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་དགོས།   །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།