ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་།  ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དང་ཉམས་མྱོང་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་ལ། ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐད་བཀོད་སྒྲིག་བྱས་པར་མ་ཟད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་གཏན་འབེབས་གཉིས་དང་སྲུང་སྐྱོབ་བྱེད་དགོས་པ་གཉིས་ཀྱི་དད་མོས་བྱེད་མཁན་དང་ལག་ལེན་བྱེད་མཁན་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་གཏམ་བཤད།

ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཛུབ་སྟོན་ཚན་ཆུང་བཅུ་པའི་ཚན་གཙོ་གཞོན་པ་ཧྲིན་ཁྲོན་པའོ་ཚོགས་ཐོག་ཏུ་ཡོང་ནས་མཛུབ་སྟོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཡུས་ཚུང་ལི་དང་དབྱིན་པེ། ཀྲའོ་ཡུའེ་ཞ། ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཀྲི་ཝུན་བཅས་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཏང་ཡོངས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ་བཏོན་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་དོན་དེར་ཚད་མཐོའི་མཐོང་ཆེན་གནང་བ་དང་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་གནང་བ། བརྒྱུད་རིམ་ཧྲིལ་པོར་མཛུབ་སྟོན་ཞིབ་ཚགས་གནང་བ། གསུང་བཤད་གལ་ཆེན་ཐེངས་མང་གནང་བ། མཛུབ་སྟོན་གལ་ཆེན་གནང་བར་བརྟེན། ང་ཚོས་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་དང་བསམ་བློ་རྟོགས་པར་བྱེད་པ། དོན་དངོས་སྒྲུབ་པ། འགོ་གསར་པ་རྩོམ་པ་བཅས་ཀྱི་ཐད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་སྡོམ་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བླང་བྱ་གལ་ཆེན་དང་གྲུབ་འབྲས་མངོན་གསལ་ཅན། གསར་སྐྲུན་བྱས་པའི་ཉམས་མྱོང་གསར་པ། གྲུབ་འབྲས་སྔར་ལས་སྲ་བརྟན་དུ་བཏང་བ་དང་རྒྱ་བསྐྱེད་པ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཏང་འཛུགས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གི་གང་ཞིག་ཡིན་པ་དང་གང་ཞིག་བྱེད་དགོས་པའི་རྩ་བའི་གནད་དོན་བློ་ལ་དམ་པོར་ངེས་པར་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་དུ། སྔར་ལས་བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་བསྐྲུན་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་བསམ་སྦྱོར་དངོས་ལ་བརྟེན་ནས། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་རྩོམ་དགོས། གཏན་འབེབས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་ནས། འདུ་ཤེས་བཞིའི་རང་རྟོགས་ཆེ་རུ་གཏོང་བ་དང་ཡིད་རྟོན་བཞིའི་རང་འགུལ་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་ལ་བློ་དཀར་སེམས་དཀར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྲོག་ཤིང་ལ་བརྩི་བཀུར་དང་སྲོག་ཤིང་གི་རྗེས་སུ་བསྙེགས་པ། སྲོག་ཤིང་ལ་སྲུང་སྐྱོབ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆའི་འོག་ཏུ། གོམ་སྟབས་གཅིག་གྱུར་ངང་མདུན་སྐྱོད་བྱེད་དགོས། དུས་བསྟུན་མདུན་སྐྱོད་ཀྱིས་རང་ཉིད་གསར་བརྗེ་བྱེད་པའི་ཁྱིམ་བརྒྱུད་ནོར་བུ་བེད་སྤྱོད་ཡག་པོ་བྱས་ཏེ། བསམ་བློ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བསྣན་ནས། རྒྱུན་གཏན་རང་བཞིན་གྱི་ཆབ་སྲིད་སྣང་ཚུལ་བརྟག་དཔྱད་བྱས་ཏེ། རང་ངོས་གཙང་བཅོས་དང་།རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཟམ་མི་ཆད་པར་བྱེད་རྒྱུ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ། ལོ་རྒྱུས་ཀྱི་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ། མཐུན་སྒྲིལ་དང་གཅིག་གྱུར་སྔར་ལས་ཇེ་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རླབས་ཆེན་གྱི་རང་ཉིད་གསར་བརྗེ་ལ་བརྟེན་ནས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་འཆར་འགོད་གནང་བའི་འཆར་གཞི་བརྗིད་ཉམས་ཅན་གཞིར་བཟུང་ནས། མཐོ་ས་དང་ས་ཁུལ་བཞི་གང་མགྱོགས་སྒོས་བསྐྲུན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་འདུ་ཤེས་བརྟན་པོ་བཙུགས་ཏེ། ལོ་རྒྱུས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས།

ཐེངས་འདིའི་ཚོགས་འདུ་བརྙན་ལམ་གྱི་རྣམ་པ་སྤྱད་དེ་བསྡུས་ཤིང་། ཞིང་ཆེན་ནས་ཚོགས་ར་གཙོ་བོ་བཙུགས་པ་དང་།  གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཡན་ལག་ཚོགས་ར་བཙུགས།  ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།