ཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་ནན་མོ་སྟོང་ཟད་དུ་མི་གཏོང་བར་ཀྲུང་ཧྭའི་ཆུ་ལྕོག་ལ་ལྟ་སྲུང་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལ་རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ།

མི་ཡིས་སྐྱེ་ཁམས་ལ་གནོད་མ་བསྐྱལ་ན། སྐྱེ་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ།

བསྟུད་མར་ཉིན་འགའི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ཁྲོད་འདུས་པའི་བརྗིད་ཉམས་ལྡན་པའི་མདུན་ལྗོངས་དང་རེ་བ་ནན་མོར། རང་ཞིང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་གཅིག་མཐུན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་འཆང་བ། བློ་རྒྱ་ཆེན་པོས“རྒྱལ་ཁབ་ཀྱི་དོན་ཆེན”བསམ་པ། བློ་བརྟན་འགྱུར་མེད་ཀྱིས“གཙང་གསུམ་འབྱུང་ཡུལ”སྲུང་སྐྱོབ་ལེགས་པོ་དང་། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་ལེགས་པོ། “སྐྱེ་ཁམས་སྲུང་ཡོལ”སྲུང་སྐྱོབ་ལེགས་པོ། “སའི་གོ་ལའི་སྣེ་གསུམ་པ”སྲུང་སྐྱོབ་ལེགས་པོ་བཅས་བྱས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་སྔོན་ལ་བསྐྲུན་ནས། སྔོ་ལྗང་གི་རི་ཆུ་ནི་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་གཟི་བརྗིད་དུ་འགྱུར་བར་བྱས་ནས། མི་དམངས་ལ་བདེ་སྐྱིད་དང་བུ་རབས་ཚ་རྒྱུད་ལ་ཕན་པ་བསྐྲུན་དགོས།

སྐྱེ་ཁམས་དམིགས་སུ་བཟུང་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གཞིས་ཁྱིམ་བསྐྲུན་པ།

ལོ་གསར་ཤིས་ཚིག་ཁྲོད། “རྨ་ཆུ་དང་འབྲི་ཆུ་སྟེ‘མ་ཡུམ་གཙང་པོ’”དང“རླབས་ཕྲེང་ལང་ལོང་གཡོ་བའི་མཚོ་སྔོན་པོ”“གཙོད་ཁྱུ་རྒྱུད་སྤེལ་གནས་སྤོ”བཅས་མཚོ་སྔོན་གྱི་གྲུབ་ཆ་འདི་དག་གིས། ཡང་བསྐྱར་རྒྱལ་ཡོངས་འཕེལ་རྒྱས་ཆེན་མོའི་ཁྲོད་ཀྱི་མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གོ་གནས་གསལ་པོར་བསྟན།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཏང་ཨུའི་ཨུ་ཡོན་ནམ་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས་བཤད་རྒྱུར། “ལོ་གསར་ཤིས་ཚིག་གིས་ང་ཚོར་རླབས་ཆེན་སྲིད་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འཚོལ་སྙེག་དང་། ལྷག་པར‘མི་ཡིས་སྐྱེ་ཁམས་ལ་གནོད་མ་བསྐྱལ་ན། སྐྱེ་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ’ཞེས་པར་ཚོར་སྣང་ཤིན་ཏུ་ཟབ་མོ་བཞག་སོང་། རྗེས་ཕྱོགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་རེ་རེ་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་ལྕོག་སྲུང་སྐྱོབ་བྱེད་པ། བློ་དཀར་དང་ཁག་ཁུར་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བཟོ་བ། གཙང་གསུམ་བདེ་འཇགས་ཀྱིས་ཀྲུང་ཧྭ་སྐྱོབ་པ། མི་ཆུ་མཉམ་གནས་ཀྱིས་གནམ་འོག་ལ་ཕན་བདེ་བསྐྲུན་པ་བཅས་བྱས་ཏེ། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་བསྐྲུན་པའི་ཁྲོད་ཧུར་ཐག་གི་སྒོས་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན།”

མེས་རྒྱལ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྒྲིག་སྲོལ་ཚོད་ལྟ་མགོ་བརྩམས་པའི་ཚུན་ལ། ནགས་ཚལ་དང་བརླན་ས། རྩྭ་ཐང་སོགས་རང་བྱུང་ཐོན་ཁུངས་སྤྱིའི་ཆ་ནས་བརྟན་འཇགས་སྲུང་འཛིན་དང་། བརྟན་འཇགས་ཁྲོད་འཕར་སྣོན་གྱི་འཕེལ་ཕྱོགས་ལེགས་པའི་རྣམ་པ་མངོན་ཡོད།“ལོ་གསར་པའི་ནང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་ལས་བཟོ་པ་དང་འཐབ་ཕྱོགས་དང་པོ་སྲུང་བའི་བདག་སྐྱོང་མི་སྣ1200ལྷག་ཡོད་པ་དག ཐོག་མཐའ་བར་གསུམ་དུ‘ མི་ཡིས་སྐྱེ་ཁམས་ལ་གནོད་མ་བསྐྱལ་ན། སྐྱེ་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ་བ’ཡི་འགྱུར་བ་མེད་པའི་ལག་ལེན་པ་རུ་འགྱུར་དགོས་ལ། སྤུས་ཚད་མཐོ་བའི་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་དོ་དམ་གྱི་གནས་བབ་གསར་པ་བསྐྲུན་དགོས། ”ཞེས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆང་གིས་ཞི་ཅིན་ཕིང་གི་གནམ་ལོ་གསར་པའི་ཤིས་ཚིག་ལ་བལྟས་རྗེས་སེམས་པར་སྤོབས་པས་ཁེངས་ཡོད།

མངགས་བཅོལ་ཟབ་མོ་དང་དུ་བླངས་ནས། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་ལྕོག”གི་ལྟ་སྲུང་པ་བྱེད་དགོས།

“ཞི་ཅིན་ཕིང་གི་གནམ་ལོ་གསར་པའི་ཤིས་ཚིག་ཁྲོད་ཆེད་དམིགས་ཀྱིས་མཚོ་སྔོན་གླེང་བྱུང་ལ། མཚོ་འཁྱིལ་ཞང་ཡང་མཚོ་སྔོན་པོ་དང་ཐག་ཉེ་བས། མཚོ་སྔོན་པོ་སྲུང་སྐྱོབ་གང་ལེགས་བྱ་རྒྱུ་ནི་ང་ཚོའི་གཡོལ་དུ་མེད་པའི་འགན་འཁྲི་དང་འོས་འགན་ཡིན།”ཞེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མཚོ་འཁྱིལ་ཞང་གི་ཞང་ཀྲང་ཚེ་རིང་ཐར་གྱིས་དེ་ལྟར་བཤད་པ་དང་། “ཁོར་ཡུག་སྤུས་ཀ་ལེགས་བསྒྱུར་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་སླར་གསོ་དང་གཏན་དུ་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ས་ཁོངས་ཆུ་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་ཁྱོན་ཡོངས་ནས་བཙུགས་ཏེ། ‘ཆུ་དང་མཚེའུའི་བཞུར་ཁོངས་སྲུང་སྐྱོབ་དྲ་བ’བསྐྲུན་པ་དང་། ཏང་སྲིད་ཀྱི་མགོ་གཙོ་དང་པོའི་འགན་འཁྲི་ལམ་ལུགས་རྒྱུན་འཁྱོངས་དང་། སྡེ་བ་དང་ཆུ་བོ་སོ་སོ་བཀར་ནས་ཆེད་དམིགས་བདག་སྐྱོང་པ་དང་། གཙང་སྦྲ་པ་དང་སྐོར་ཞིབ་པ་བཅས་འཇོག་པ། དུས་བཅད་ལྟར་གྲོང་གསེབ་ཀྱི་རིམ་པ་གཉིས་ཀྱི་ཆུ་དཔོན་གྱིས་ཡུལ་དངོས་སྐོར་ཞིབ་བྱེད་པ་རྩ་འཛུགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི‘བསམ་ཤེས་མཁན’དང་། སྔོ་ལྗང་རི་ཆུའི‘ལྟ་སྲུང་མཁན’བྱེད་དགོས། ”

“རི་བོ་གཉིས”བསྒྱུར་ཏེ། ལྗང་མདོག་འཕེལ་རྒྱས་བརྟན་འཇགས་ངང་མདུན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།

“རྨ་ཆུ་དང་འབྲི་ཆུ་སྟེ‘མ་ཡུམ་གཙང་པོ’དང་། རླབས་ཕྲེང་ལང་ལོང་གཡོ་བའི་མཚོ་སྔོན་པོ། བརྗིད་ཉམས་ལྡན་པའི་ཡར་ཀླུང་གཙང་པོ་བཅས་དང་། ཡུན་ནན་གྱི་གླང་ཆེན་བྱང་ནས་ལྷོ་རུ་ལོག་པ་དང་། ཡང་ན་གཙོད་ཁྱུ་རྒྱུད་སྤེལ་གནས་སྤོ་བྱེད་པ་གང་ཞིག་ཡིན་རུང་། དེ་དག་གིས་མི་ཡིས་སྐྱེ་ཁམས་ལ་གནོད་མ་བསྐྱལ་ན། སྐྱེ་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ་བའི་གནས་ལུགས་སྟོན་བཞིན་ཡོད།”

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་ཉི་དབྱང་གིས་བཤད་རྒྱུར། “གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡང་ཐུགས་ལ་བཟུང་ཡོད་པ་དང་། ཡང་དང་བསྐྱར་དུ་མངགས་བཅོལ་གནང་ཡོད་ལ། ད་ལོའི་ལོ་གསར་ཤིས་ཚིག་ཁྲོད་ཡང་བསྐྱར་ནན་བཤད་གནང་སོང་། གསེར་དངུལ་གང་གིས་ཀྱང་གནམ་སྔོན་པོ་དང་། ལྗང་མདོག་གི་ས་གཞི། དྭངས་གཙང་གི་ཆུ་བོ་བཅས་ཀྱིས་མི་རྣམས་ལ་ཁྱེར་ཡོང་བའི་བདེ་སྐྱིད་ཀྱི་ཚོར་བའི་ཚབ་བྱེད་མི་ཐུབ་པས། རྗེས་ཕྱོགས་རྒྱལ་ཁོངས་ས་ཁོངས་ལྗང་བསྒྱུར་འཛུགས་སྐྲུན་ཏན་ཏིག་ངང་སྤེལ་དགོས་ལ། རྒྱལ་ཁོངས་ལྗང་བསྒྱུར་གྱི་ཐེག་བྱད་དང་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གཙང་གསུམ་འབྱུང་ཡུལ་གྱི་ལྗང་མདོག་གི་ས་དང་རྣམ་ཤེས་རེ་རེར་ལྟ་སྲུང་གང་ལེགས་བྱེད་དགོས།”

མི་ཡིས་སྐྱེ་ཁམས་ལ་གནོད་མ་བསྐྱལ་ན། སྐྱེ་ཁམས་ཀྱིས་མི་ལ་གནོད་མི་སྐྱེལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་གངས་རིའི་ཕྱུགས་ར་དོ་དམ་ས་ཚིགས་ཀྱི་མགོ་གཙོ་ཚེ་པ་ཐུའུ་ཡིས་བལྟས་ན། གངས་རིའི་ཕྱུགས་རས་ལྟ་སྲུང་བྱེད་བཞིན་པ་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཏེར་ལེན་ཁ་ས་ཁུལ་ཡིན་ལ། རྗེས་ཕྱོགས་གོམ་གང་མདུན་སྤོས་ཀྱིས་དོ་དམ་ས་ཚིགས་ཀྱི་བདག་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། བདག་སྐྱོང་པའི་སྤུས་ཚད་མཐོ་རུ་བཏང་ན། སྐྱེ་ཁམས་མ་ལག་ལ་ད་གཟོད་སྔར་ལས་གསོན་ཤུགས་ལྡན་པར་འགྱུར་ཐུབ་པ་རེད།

“ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས། ཞི་ཀྲུའུ་ཞི་ཡི་ལོ་གསར་ཤིས་ཚིག་གི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་དགོས་ཤིང་། སྔར་ལས་ནུས་པ་ལྡན་པའི་བྱེད་ཐབས་སྤྱད་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ལ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་ལེགས་པོ་བྱེད་དགོས།”ཞེས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་མ་ཅུན་ལ་སྐུལ་ལྕག་ཟབ་མོ་ཐེབས་ཤིང་། འགན་འཁྲི་ཤིན་ཏུ་ལྕི་བའི་ཚོར་སྣང་བྱུང་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་རྫོང་དཔོན་གཞོན་པ་ཟོན་སྐྱིད་འཚོས་བསྟན་དོན། ལོ་གསར་པ་ཞིག་གི་མགོ་བརྩམས་བྱུང་། ཀྲུའུ་ཞི་ཞི་ཅིང་ཕིང་གི་ལོ་གསར་ཤིས་ཚིག་ནི་གཙང་པོའི་མགོ་ཁུངས་ཀྱི་བུ་དང་བུ་མོ་རྣམས་ལ་མཚོན་ན་སྐུལ་ལྕག་ཆེན་པོ་ཞིག་དང་སྐུལ་སློང་བཀའ་རྒྱ་ལྟ་བུ་རེད། “བཅུ་ཅན”ཏང་འཛུགས་སྐྲུན་གྱི་ཁྲིད་སྟོན་འོག སྐྱེ་ཁམས་དམིགས་སུ་འཛིན་པ་དང་། ལྗང་མདོག་འཕེལ་རྒྱས་ཀྱི“ངེས་པར་ལན་འདེབས་དགོས་པའི་དྲི་གཞི”ལ་ལན་ཡག་པོ་འདེབས་པ། གཙང་པོའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དེ་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་དུ་བསྒྱུར་ནས། སྐྱེ་ཁམས་ནགས་སྲུང་གི་སྐོར་གཟིགས་བདག་སྐྱོང་ནན་ཏན་གྱིས་སྤེལ་བ་དང་། རང་གི་མིག་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་ཁྱིམ་གཞིས་ཀྱི་རྩྭ་ཐང་དང་གངས་རི་ལ་སྲུང་སྐྱོབ་བྱས་ཏེ། སྔོ་ལྗང་གི་རི་ཆུ་དང་། འཁྱགས་རི་དང་གངས་སའི་སྐྱེ་ཁམས་ཀྱི་རང་མདངས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་དང་། དྭངས་གཙང་གི་ཆུ་བོ་ཤར་དུ་རྒྱུག་པར་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།