ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་མཚོ་སྔོན་གྱི་སྤྲོ་འཆམ་ཞིང་ལས་ཡུལ་སྐོར་གྱིས་ཡུལ་སྐོར་པ་མི་ཐེངས་ཁྲི1700སྣེ་ལེན་བྱས་པ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་རྒྱུས་ལོན་པ་ལྟར་ན། 2021ལོར་མཚོ་སྔོན་གྱིས་སྤྲོ་འཆམ་ཞིང་ལས་དང་ཤང་སྡེ་ཡུལ་སྐོར་བྱ་བ་གཉིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་སའི་འགུལ་སྐྱོད་འཆར་འགོད་ཁྲོད་འཇོག་པར་སྐུལ་འདེད་བཏང་སྟེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་འཛུགས་བྱེད་པ་གོ་སྐབས་སུ་བཟུང་ནས་མཚོ་སྔོན་གྱི་མཐོ་སྒང་གི་ཁྱད་ལྡན་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་ཏེ། ཞིང་ཕྱུགས་ཀྱི་བྱེད་ནུས་རྒྱ་བསྐྱེད་དང་ཤང་སྡེའི་གཏིང་རིམ་རིན་ཐང་སྔོག་འདོན། ཞིང་ཕྱུགས་ཀྱི་ལས་རྣམ་གསར་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱིས་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་ལ་ཁྱབ་པ་དང་ཞིང་ལས་དང་རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ཀྱི་ཐོན་ལས་མ་ལག་ཅིག་གསོ་སྐྱོང་བྱས་པ་རེད།

བསྡོམས་རྩིས་ལྟར་ན། 2021ལོར་ཞིང་ཆེན་ཡོངས་སུ་བསྡོམས་པས་རིགས་སོ་སོའི་སྤྲོ་འཆམ་ཞིང་ཕྱུགས་ལས་བདག་གཉེར་གཙོ་གཞི2778ཡོད་པ་དང་། ཡུལ་སྐོར་པ་མི་ཐེངས་ཁྲི1769.23སྣེ་ལེན་བྱས་ལ། ན་ནིང་ལས་སོ་སོར19.07%དང8.66%འཕར་ལ། ལས་གཉེར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར19.40ལ་སླེབས་ཡོད།

ཐོན་ལས་གསུམ་ཚད་མཐོའི་མཉམ་འདྲེས་མངོན་འགྱུར་བྱས་པ།

ལྟ་སྐོར་དང་རོལ་མྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པ་བརྒྱུད། ཞིང་ཕྱུགས་སྤྲོ་འཆམ་ཁང་སྒྲུབ་པ་དང་ཁྱད་ལྡན་ཐོན་རྫས་བཙོངས་ནས་ཐོན་ལས་སྦྲེལ་ཐག་རྒྱ་བསྐྱེད་ལ་རིན་ཐང་སྦྲེལ་ཐག་ཇེ་ཆེར་བཏང་། ཤང་སྡེའི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་བཏང་ནས་སྤྲོ་འཆམ་ཞིང་ལས་ཀྱིས་ཞིང་སྡེའི་ཐོན་ལས་གསུམ་ཚད་མཐོའི་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་སྐུལ་སྤེལ་མངོན་འགྱུར་བྱས་ཏེ། ཞིང་སྡེའི་ཐོན་ལས་ཀྱི་འཕེལ་རྒྱས་བར་མཐོངས་རྒྱ་བསྐྱེད་ལ་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་།

ཞིང་བའི་ཡོང་འབབ་ཐབས་ལམ་རྒྱ་བསྐྱེད་པ།

སྤྲོ་འཆམ་ཞིང་ལས་ཀྱིས་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་དང་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་ནས་ཤང་སྡེར་འཇོན་མི་བསྐྱལ་ཡོང་བ་དང་། ཤང་གྲོང་ཕྱོགས་གཉིས་ཀྱི་འཁོར་རྒྱུག་ཤར་གཏོང་བྱས་ནས་ཞིང་ཕྱུགས་ཐོན་རྫས་དང་རོང་འབྲོག་པའི་སྡོད་གནས། ཞིང་ཕྱུགས་མཛེས་ལྗོངས་ཁུལ་སོགས་ཞིང་ལས་ཐོན་སྐྱེད་འཚོ་བའི་རྒྱུ་ཆའི་གནས་ཐང་འཕར་ཚད་སྣ་མང་དུ་བཏང་སྟེ། ཞིང་བའི་ལས་ཞུགས་ཀྱི་ཤོང་ཚད་ཇེ་ཆེ་དང་ཞིང་བའི་ཡོང་འབབ་བསྐྲུན་པའི་ཐབས་ལམ་རྒྱ་བསྐྱེད་ལ། ཞིང་སྡེའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་ཇེ་ཆེར་བཏང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་བ་བསྣན།

མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

སྤྲོ་འཆམ་ཞིང་ལས་དང་ཤང་སྡེའི་ཡུལ་སྐོར་གྱི་འཕེལ་རྒྱས་ཀྱིས་ཞིང་སྡེའི་རྨང་གཞི་སྒྲིག་ཆས་དང་སྤྱི་བའི་ཞབས་ཞུ་ལེགས་བཅོས་བྱས་ཤིང་། སྡེ་བའི་ཁོར་ཡུག་མཛེས་བསྒྱུར་དང་གཞུང་ལམ་ལྗང་བསྒྱུར། ཁོར་ཡུག་གཙང་བསྒྱུར་བྱས་ལ། སྤྲོ་འཆམ་ཡུལ་སྐོར་གྱི་ཁ་དབུགས་ལེགས་པོ་ཞིག་བསྐྲུན་ནས། རྨོ་སློབ་དཔལ་ཡོན་གྱི་ཤང་སྡེའི་མཉེན་ཤུགས་ཇེ་ཆེར་བཏང་བ་དང་། ཡུལ་སྲོལ་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ་ཕན་ནུས་ལྡན་པའི་སྒོ་ནས་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།