མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ཡིས་ལུགས་གསར་རྙིང་གི་ལོ་སར་སྐབས་ཀྱི་སྨན་རྫས་བདེ་འཇགས་དང་རིམས་ནད་འགོག་སྡོམ་ཀྱི“ཕྱོགས་བཞིའི་འགན་འཁྲི"ནན་མོར་བཟུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལུགས་གསར་རྙིང་གི་ལོ་སར་སྐབས་ཀྱི་སྨན་རྫས་བདེ་འཇགས་ལྟ་ཞིབ་དོ་དམ་བྱ་བ་ནན་ཏན་གྱིས་ལེགས་པོར་སྒྲུབ་པ་དང་། “རྫས་གཉིས་འཕྲུལ་གཅིག”གི་སྤུས་ཚད་བདེ་འཇགས་ལ་འགན་སྲུང་བྱེད་པ། སྨན་རྫས་ཚོང་གཉེར་ཁེ་ལས་ཀྱི་རིམས་ནད་འགོག་སྡོམ་གྱི“སོ་ལྟ་ས་ཚིགས”ཀྱི་ནུས་པ་ཕུན་སུམ་ཚོགས་པའི་ངང་འདོན་པ་བཅས་ཀྱི་ཆེད་དུ། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་གྱི་སྨན་རྫས་དང་། སྨན་བཅོས་འཕྲུལ་ཆས། མཛེས་འཆོས་བྱུག་རྫས་བཅས་ཚོང་གཉེར་བྱེད་པའི་ལས་ཁུངས་ལ་ལྟ་སྐུལ་བརྟག་དཔྱད་བྱས་ཏེ། སྔར་ལས་ལྷག་པར་སྨན་རྫས་བདེ་འཇགས་དང་རིམས་ནད་འགོག་སྡོམ་ཀྱི“ཕྱོགས་བཞིའི་འགན་འཁྲི”གཟབ་ནན་ཏུ་བཏང་། 

ཐེངས་འདིའི་བརྟག་དཔྱད་ལ་སྨན་རྫས་དང་། སྨན་བཅོས་འཕྲུལ་ཆས། མཛེས་འཆོས་བྱུག་རྫས་བཅས་ཀྱི་ལྟ་ཞིབ་དོ་དམ་ཁྲུའུ་ཡི་མི་སྣ་བདམས་ནས་བརྟག་དཔྱད་ཚན་ཆུང་བཙུགས་པ་དང་། གྲོང་ཁྱེར་དང་ཆུས་རིམ་པ་གཉིས་ཀྱི་ཁྲོམ་རའི་ལྟ་ཞིབ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་སྒོས། སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དང་མཁར་བྱང་ཁུལ་གྱི“རྫས་གཉིས་འཕྲུལ་གཅིག”གི་ཚོང་གཉེར་ལས་ཁུངས་ལ་བརྟག་དཔྱད་བྱས། ཁེ་ལས་ཀྱི་རིམས་ནད་འགོག་སྡོམ་གྱི་བླང་བྱ་དངོས་འབེབས་ནན་མོ་བྱས་ཡོད་མེད་དང་། རང་འགུལ་གྱིས“སོ་ལྟ་ས་ཚིགས”ཀྱི་ནུས་པ་བཏོན་ཡོད་མེད། སྨན་རྫས་རིགས་བཞི་པའི་ཕྱིར་འཚོང་ཐོ་འགོད་བྱས་ཡོད་མེད། “བཤེར་རིས་གཉིས”དངོས་འབེབས་གནས་ཚུལ་སོགས་ལ་བརྟག་དཔྱད་བྱས། དེ་མིན་རིམས་ནད་འགོག་སྲུང་རིགས་ཀྱི་ཐོན་རྫས་ཚད་གཞི་དང་མཐུན་མིན་དང་། གཙོ་གཞིའི་ཐོབ་ཐང་ཁྲིམས་མཐུན་ཡིན་མིན་ལ་བལྟས་པར་མ་ཟད། མཛེས་འཆོས་བྱུག་རྫས་སིལ་འཚོང་ཁེ་ལས་ཀྱིས་ཚོང་འདྲེན་བརྟག་དཔྱད་ཞིབ་བཤེར་རྩིས་ལེན་དང་ཐོན་རྫས་ཕྱིར་འཚོང་གི་རྩིས་ཐོ་བཙུགས་པ་སོགས་ཀྱི་གནས་ཚུལ་ལའང་ལྟ་ཞིབ་བྱས། 

བརྟག་དཔྱད་ཚན་ཆུང་གིས་སྨན་རྫས་བྱེ་བྲག་པའི་སིལ་འཚོང་ཁེ་ལས་ཀྱིས་སྒྲིག་འགལ་གྱིས་ཚོང་ཁང་ཟུར་འཛུགས་དང་སྨན་རྫས་སྟེར་བ་ལ་བརྟེན་ནས་མང་ཚོགས་ལ་སྡེབ་སྨན་མ་ཡིན་པའི་སྨན་སྟེར་བ་དང་སྤུས་ཚད་འགན་ཁུར་པ་ལས་རྐང་དུ་མེད་པ་སོགས་ཀྱི་གནད་དོན་ལ་ཡུལ་དངོས་ནས་འགན་འདྲི་ཡོ་བསྲང་གི་བརྡ་སྦྱོར་ཡི་གེ་བཏང་། སྨན་ཁང་ཁ་ཤས་ཀྱིས་དུག་སེལ་དོ་དམ་ལམ་ལུགས་བཙུགས་མེད་པ་དང་། སྨན་རྫས“རིགས་བཞི”ཡི་ཕྱིར་འཚོང་ཐོ་འགོད་གཟབ་ནན་མ་བྱས་པ་སོགས་ཀྱི་གནད་དོན་ལ་མྱུར་ཏུ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གཞན་པའི་འབྲེལ་ཡོད་ཁུངས་སྣེ་ས་གནས་དེ་གའི་ལྟ་ཞིབ་དོ་དམ་སྡེ་ཁག་ལ་སྤྲད། 

2021ལོར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་རྫོང་སོ་སོའི་སྨན་རྫས་ལྟ་ཞིབ་དོ་དམ་སྡེ་ཁག་གིས་ཁྱོན་ཡོངས་ནས་རིམས་ནད་འགོག་སྡོམ་བྱ་བར་ཤུགས་བསྣན་པ་དང་། རིམས་ནད་འགོག་སྡོམ་གྱི་མཐའ་ཐིག་བརྟན་པོར་བསྲུངས་ཤིང་། རིམ་རྩིས་ལྟར་ན། སྨན་འབྲེལ་ལས་ཁུངས4549ལ་བརྟག་དཔྱད་བྱས་པ་དང་། ལས་ཁུངས150ལ་དུས་བཅད་བཅོས་སྒྲིག་བྱེད་དུ་བཅུག་ལ། ལས་ཁུངས61ལ་གྱོད་དོན་ཐག་གཅོད་བྱས། ཆད་གཅོད་སྒོར་ཁྲི37.63ལ་སླེབས་ཤིང་། ལས་ཁུངས14ལ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་དང་། ལས་ཁུངས13ལ་ཡུལ་དངོས་ནས་འགན་འདྲི་བཅོས་སྒྲིག་བྱས། ལས་ཁུངས18ལ་དུས་ཆད་ཁ་ཏ་བྱས། ལས་ཁུངས41གི་ཚོང་གཉེར་ཆོག་མཆན་དཔང་ཡིག་མེད་པར་བཟོས། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ཀྱི་ཁྲོམ་རའི་གོ་རིམ་སྟོབས་དང་ལྡན་པའི་སྒོ་ནས་ཚད་ལྡན་དུ་བཏང་ནས། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ཀྱི་སྤུས་ཚད་བདེ་འཇགས་ཕན་ནུས་ལྡན་པར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།