ཀྲུང་གོ་བོད་ཀྱི་དྲ་བ།

ལུགས་གསར་ལོ་སར་སྐབས་མཚོ་སྔོན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.7ལ་སླེབས་པ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་རྒྱུས་ལོན་པ་ལྟར་ན། ལུགས་གསར་ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རས་ཡུལ་སྐོར་པ་མི་ཐེངས་ཁྲི40ལྷག་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.7བསྐྲུན་ལ། རིམ་པ་སོ་སོའི་སྤྱི་བའི་དཔེ་མཛོད་ཁང་དང་རིག་གནས་ཁང་གིས་མང་ཚོགས་ཀྱི་རིག་གནས་བྱ་འགུལ་ཐེངས120ལྷག་སྤེལ་ནས་མང་ཚོགས་མི་ཐེངས་ཁྲི30ལྷག་ལ་ཞབས་ཞུ་བསྒྲུབས།

ད་ལོའི་ལུགས་གསར་ལོ་སར་ནི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས2021ལོ་ནས2022ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་རིག་གནས་ཡུལ་སྐོར་དམངས་ཕན་བྱ་འགུལ་སྤེལ་བ་དང་འཕྲད་ཡོད་པས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཡུལ་སྐོར་ཐོན་རྫས་གསར་བ་དང་ལམ་ཐིག་གསར་བ། དམངས་སྲོལ་ཡུལ་སྐོར། སྒེར་བསྐོར་ཡུལ་སྐོར། ཤང་སྡེ་ཡུལ་སྐོར། གངས་འཁྱགས་ཡུལ་སྐོར། སྤྲོ་འཆམ་ཡུལ་སྐོར། པར་ལེན་ཡུལ་སྐོར་སོགས་ཡུལ་སྐོར་ལས་རྣམ་གསར་བ་སྣ་ཚོགས་བཏོན་ནས་ཕྱོགས་ཡོངས་ནས་ས་ཁུལ་སོ་སོའི་ཡུལ་སྐོར་ཐོན་ཁུངས་མངོན་པར་བཀྲམས་ཏེ་མཚོ་སྔོན་གྱི་དགུན་དུས་ཡུལ་སྐོར་མུ་མཐུད་དུ་ཇེ་རྒྱས་སུ་བཏང་།

ལུགས་གསར་ལོ་སར་གྱི་གུང་གསེང་སྐབས། གངས་འཁྱགས་ལས་གཞི་དེ་ཡུལ་སྐོར་བྱེད་མཁན་ཆེས་མང་བའི་རྣམ་གྲངས་སུ་གྱུར་ཡོད། འབྲི་ཏ་ས་འཛིན་གྱི་དགུན་དུས་འཐོག་པའི་དུས་སྐབས་འདིར། གྲོང་མི་མང་པོས་ལོ་སར་གྱི་གུང་གསེང་དང་བསྟུན་ནས་སྒེར་འཁོར་བསྐོར་ནས་འབྲི་ཏ་ས་འཛིན་འཐོག་པར་བསྐྱོད་ཡོད། ལམ་ཐག་ཐུང་བའི་ཡུལ་སྐོར་ལས་གཞན། དངོས་མང་འགྲེམ་སྟོན་ཁང་དུ་སོང་ནས་འགྲེམ་སྟོན་ལ་ལྟ་བ་དང་། དཔེ་མཛོད་ཁང་དུ་བསྐྱོད་ནས་དཔེ་ཀློག་བྱེད་པ་དེ་ཡང་གྲོང་མི་མང་པོ་ཞིག་གི་གདམས་གསེས་སུ་གྱུར་ཡོད། མཚོ་སྔོན་གྱི་ས་ཁུལ་སོ་སོའི་དཔེ་མཛོད་ཁང་དང་རིག་གནས་ཁང་། མཛེས་རྩལ་ཁང་། དངོས་མང་འགྲེམ་སྟོན་ཁང་སོགས་རིག་གནས་བྱ་འགུལ་ཁང་དག་གིས་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་བྱས་ཏེ། དྲ་ཐོག་དང་ཡུལ་དངོས་ཀྱི་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་ནས་གུང་གསེང་ལ་རིག་གནས་ཀྱི་ཁ་དབུགས་ཤིག་བསྣན་ཡོད།

གུང་གསེང་འདིར། གྲོང་ཁྱེར་མཐའ་འཁོར་གྱི་ཡུལ་སྐོར་དང་གངས་འཁྱགས་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར། ཤུལ་བཞག་རིག་གནས་རོལ་མྱོང་ཡུལ་སྐོར་བཅས་ནི་ཡུལ་སྐོར་པ་མང་པོའི་ཐོག་མའི་གདམ་གསེས་རེད། ཞིང་ཆེན་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་བརྟག་བཤེར་ཚད་ལེན་བྱས་པ་ལྟར་ན། ལུགས་གསར་ལོ་སར་གྱི་གུང་གསེང་སྐབས། མཚོ་སྔོན་གྱི་ཡུལ་སྐོར་མཛད་སྤྱོད་ལ་རང་གཤིས་ཅན་དང་ཁྱད་ཆོས་ཅན། སྤུས་ཀ་ཅན། སྣ་མང་ཅན་བཅས་ཀྱི་འཕེལ་ཕྱོགས་ཤིག་ཆགས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོས་ཡུལ་སྐོར་པའི་ཡུལ་སྐོར་གྱི་ཁྱད་ཆོས་ལ་གཞིགས་ནས་སྔར་ལས་ལྷག་པའི་སྒོ་ནས་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ལ། རིག་གནས་ཡུལ་སྐོར་གྱི་ཐོན་ལས་སྦྲེལ་ཐག་རྒྱ་བསྐྱེད་དེ་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དང་བྱ་འགུལ་བཏོན་ནས་ཡུལ་སྐོར་པའི་རང་གཤིས་ཅན་གྱི་དགོས་མཁོ་བསྐངས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།