ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས4ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་བརྟག་དཔྱད་ཀྱི་གཞི་གྲངས་གཙོ་བོའི་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་སྟེང་རྒྱུས་ལོན་པ་ལྟར་ན། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི"བརྟག་དཔྱད་ཐེངས་གསུམ་པའི"རྨོ་ཞིང་རྒྱ་ཁྱོན་གཞི་རྩའི་ངང་གཏན་འཇགས་ཡིན་ལ། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ནགས་སའི་རྒྱ་ཁྱོན་དང་རྩྭ་སའི་རྒྱ་ཁྱོན། འཛུགས་སྐྲུན་བྱེད་སའི་རྒྱ་ཁྱོན་བཅས་བསྟུད་མར་ཇེ་ཆེར་ཕྱིན་ཡོད།

མཚོ་སྔོན་ཞིང་ཆེན་གྱི་བརྟག་དཔྱད་ཐེངས་གསུམ་པའི་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ལའོ་པའོ་ཝེ་ཡིས་མཚམས་སྦྱོར་བྱེད་རྒྱུར། ཞིང་ཆེན་ཡོངས་ཀྱི"བརྟག་དཔྱད་ཐེངས་གསུམ་པའི"་རྨོ་ཞིང་རྒྱ་ཁྱོན་ལ་མུའུ་ཁྲི846.3ཡོད་པ་དང་། རྨོ་ཞིང་ཟིན་ཚད་ཀྱི་དམིགས་ཚད་དེ་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་མུའུ་ཁྲི831གི་ཡན་དུ་ཚོད་འཛིན་བྱས་ཡོད་ལ། 2009ལོའི"བརྟག་དཔྱད་ཐེངས་གཉིས་པའི"རྨོ་ཞིང་རྒྱ་ཁྱོན་ལས་མུའུ་ཁྲི35.8ཇེ་ཉུང་དུ་ཕྱིན་ཡོད། དེའི་ནང་སྲིད་ཇུས་རང་བཞིན་གྱི་རྨོ་བསྐྱུར་ནགས་འཛུགས་ཐད་རྨོ་ཞིང་མུའུ་ཁྲི37.7ཇེ་ཆུང་དུ་སོང་ཡོད་པ་དང་། འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་བཅོས་སྒྲིག་གི་དེ་མ་ཐག་སླར་གསོ་བྱེད་པའི་ཐད་རྨོ་ཞིང་མུའུ་ཁྲི67.4ཇེ་ཆུང་དུ་སོང་ཡོད། འཛུགས་སྐྲུན་བྱེད་སར་རྨོ་ཞིང་མུའུ་ཁྲི36.2བེད་སྤྱད་པ་དང་། གཞན་པའི་རྒྱུ་རྐྱེན་གྱིས་རྨོ་ཞིང་མུའུ་ཁྲི34.6ཇེ་ཆུང་དུ་སོང་ནས། བསྡོམས་པས་རྨོ་ཞིང་མུའུ་ཁྲི175.9ཇེ་ཆུང་དུ་སོང་ཡོད། རྨོ་ཞིང་བདག་བཟུང་དང་ཁ་གསབ་དོ་མཉམ་དངོས་འབེབས་བྱས་ཏེ། ས་ཞིང་གསར་སྤེལ་དག་སྒྲིག་ལག་བསྟར་སོགས་ཀྱི་བྱེད་ཐབས་ལས་རྨོ་ཞིང་མུའུ་ཁྲི140.1ཇེ་ཆེར་སོང་ཡོད།

ཞིང་ཆེན་ཡོངས་ཀྱི"བརྟག་དཔྱད་ཐེངས་གསུམ་པའི"བརླན་སའི་རྒྱ་ཁྱོན་ལ་མུའུ་ཁྲི7652ཡོད་ལ། དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དེའི་ཁར་ཆུ་ཁོངས་རྒྱ་ཁྱོན་མུའུ་ཁྲི3272བསྣན་ན་བསྡོམས་པས་མུའུ་དུང་ཕྱུར1.09ཡོད་པ་རེད། ནགས་རྩྭ་སྡེ་ཁག་གི"བརླན་སའི་བརྟག་དཔྱད་ཐེངས་གཉིས་པ"ལས་མུའུ་ཁྲི1138ཇེ་ཉུང་དུ་སོང་ཡོད། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་བརླན་སའི་རྒྱ་ཁྱོན་ཇེ་ཆེར་སོང་སྟེ། འབྲི་སྟོད་དང་ཆུ་དམར་ལེབ། ཁྲི་འདུ། རྫ་སྟོད། རྨ་སྟོད་སོགས་རྫོང21དང་གདང་ལ་གྲོང་རྡལ་བཅས་ཀྱི"བརྟག་དཔྱད་ཐེངས་གསུམ་པའི"བརླན་སའི་རྒྱ་ཁྱོན་དེ"བརླན་སའི་བརྟག་དཔྱད་ཐེངས་གཉིས་པ"ལས་མུའུ་ཁྲི1503ཇེ་ཆེར་སོང་ཞིང་། གསར་སྣོན་བྱུང་བའི་ས་ཁོངས་རིགས་གཙོ་བོ་ནི་སྤུས་ཚད་མཐོ་བའི་ན་འདམ་རྩྭ་ས་ཡིན་ལ། གསར་སྣོན་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཉེ་བའི་ལོ་འགའི་རིང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱུང་བ་དང་ཆར་ཆུ་ཇེ་མང་དུ་སོང་བ། འཁྱགས་རོམ་ཞུ་བ་དང་ས་འཁྱགས་ཇེ་དྲོར་སོང་བ། མཚེའུ་དང་ཆུ་རྒྱུན་གྱི་ཆུ་ངོས་ཇེ་མཐོར་སོང་བ། ན་འདམ་རྩྭ་སའི་ཁྱབ་རྒྱ་ཇེ་ཆེར་སོང་བ་བཅས་རེད། ཚྭ་འདམ་གཤོང་སའི"བརྟག་དཔྱད་ཐེངས་གསུམ་པའི"བརླན་སའི་རྒྱ་ཁྱོན་ནི་སྔར་ལས་དོན་དངོས་དང་ཡང་དག་དུ་གྱུར་ཡོད་དེ། "བརྟག་དཔྱད་ཐེངས་གསུམ་པའི"བརླན་སའི་རྒྱ་ཁྱོན་དེ"བརླན་སའི་བརྟག་དཔྱད་ཐེངས་གཉིས་པའི"རྒྱ་ཁྱོན་ལས་མུའུ་ཁྲི2748ཇེ་ཉུང་དུ་སོང་ལ། དེའི་རྒྱུ་རྐྱེན་གཙོ་བོའི་ས་ཁོངས་ཀྱི་རིགས་ནི་སྐམ་སའི་ཚྭ་འདམ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།