ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་རེ་བའི་བཟོ་སྐྲུན་གྱིས་ལོ་སུམ་ཅུའི་རིང་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་བདུན་འབུམ་བརྒྱད་གྲབས་གསོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2021ལོ་ནི་མཚོ་སྔོན་གྱི་རེ་བའི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་འཁོར་སུམ་ཅུ་འགོར་བའི་ལོ་ཡིན་ལ། 2021ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པ་གཉིས་ཀྱིས་མཚོ་སྔོན་གྱི་རེ་བའི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་འཁོར་སུམ་ཅུ་འགོར་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་གྱི་རེ་བའི་བཟོ་སྐྲུན་ལག་བསྟར་བྱས་པའི་ལོ་ངོ་སུམ་ཅུའི་ནང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་བདུན་འབུམ་བརྒྱད་གྲབས་གསོག་བྱས་ནས། སློབ་གྲྭ་དང་སློབ་སྐྱོར་ལས་གཞི་འཛུགས་སྐྲུན་བྱེད་པའི་ཐད་བཀོལ་བ་དང་། དབུལ་ཕོངས་སློབ་མར་རོགས་རམ་བྱས། ཚོགས་ཐོག་ཏུ་ད་དུང་མཚོ་སྔོན་གྱི་རེ་བའི་བཟོ་སྐྲུན་ཐད་བྱས་རྗེས་བཞག་པའི་སྔོན་ཐོན་མི་སྒེར་དང་ཐུན་མོང་ཁྱབ་བསྒྲགས་བྱས་པ་མ་ཟད་གཟེངས་བསྟོད་བྱས།

1991ལོར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་མཛུབ་སྟོན་འོག གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རེ་བའི་བཟོ་སྐྲུན་ལག་བསྟར་བྱེད་འགོ་བརྩམས་པ་དང་། ལོ་ངོ་སུམ་ཅུའི་ནང་། མཚོ་སྔོན་རེ་བའི་བཟོ་སྐྲུན་གྱིས་སློབ་སྐྱོར་མི་སྐྱོང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་སྐུལ་སློང་རྐྱེན་སྲོལ་གསར་གཏོད་བྱས་ལ། བརྩེ་སེམས་རོགས་རེས་དང་བརྒྱུད་སྒྲོག་གི་ཟམ་ཐག་བཙུགས་ནས། སྤྱི་ཕན་ལས་དོན་རྒྱུན་མི་ཆད་པར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། ཏང་གི་ལས་དོན་ཐད་འཇོན་མི་སྐོར་ཞིག་སྐྱེད་སྲིང་བྱས། མིག་སྔའི་བར་དུ། མཚོ་སྔོན་རེ་བའི་བཟོ་སྐྲུན་གྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་ས་ཡ་བདུན་འབུམ་བརྒྱད་གྲབས་གསོག་བྱས་ནས། རེ་བའི་སློབ་ཆུང་སུམ་བརྒྱ་དང་རེ་ལྔ་བཙུགས་པ་དང་། དབུལ་ཕོངས་ཡིན་པའི་སློབ་ཆེན་དང་སློབ་འབྲིང་། སློབ་ཆུང་གི་སློབ་མ་འབུམ་གཅིག་དང་ཁྲི་གཅིག་སྟོང་དྲུག་བཞི་བརྒྱ་ལ་རོགས་སྐྱོར་བྱས་ལ། རེ་བའི་ཐབ་ཚང་དང་རེ་བའི་དཔེ་མཛོད། སྤྲོ་སྐྱིད་གླུ་དབྱངས་སློབ་ཁང་། སྤྲོ་སྐྱིད་ལུས་རྩལ་ར་བ་སོགས་ལས་གཞི་བདུན་བརྒྱ་དང་སོ་བཞི་འཛུགས་སྐྲུན་བྱས།

ལོ་ངོ་སུམ་ཅུའི་རིང་ལ། མཚོ་སྔོན་རེ་བའི་བཟོ་སྐྲུན་དེ་རང་ཞིང་གི་མི་སེམས་ཐོབ་ཅིང་ཤན་ཤུགས་ལྡན་པའི་སྤྱི་ཚོགས་སྤྱི་ཕན་ལས་དོན་དུ་གྱུར་བ་དང་། གུང་གཞོན་ཚོགས་པས་དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ཚོང་རྟགས་མིང་གྲགས་ཅན་དུ་གྱུར། རེ་བའི་བཟོ་སྐྲུན་ལག་བསྟར་བྱེད་པའི་སྡེ་ཁག་ཡིན་པའི་ཆ་ནས། ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པར་སྔ་གཞུག་ཏུ་རྒྱལ་ཡོངས་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ལས་ཁུངས་ཀྱི་ཐུན་མོང་ཚོགས་པའི་སྔོན་ཐོན་སྡེ་ཁག་དང་མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་སྡེ་ཁག ཞིང་ཆེན་རིམ་པའི་ལེ་ཧྥིན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེ་སྟོན་ཡུལ་གནས་སོགས་ཀྱི་མཚན་སྙན་ཐོབ།

འགོ་ཚུགས་ས་གསར་བ་རུ་འགྲེང་ནས། མཚོ་སྔོན་རེ་བའི་བཟོ་སྐྲུན་གྱིས་སེམས་ཤུགས་གཅིག་ཏུ་བསྡུས་ནས་ཡང་བསྐྱར་འགོ་བརྩམས་པ་དང་། ན་གཞོན་ལོ་ཆུང་གི་སྣེ་ཁྲིད་པ་དང་རོགས་སྐྱོར་པ། སྲུང་སྐྱོབ་པའི་ནུས་པ་འདོན་སྤེལ་བྱས་ལ། གུང་གཞོན་ཚོགས་པས་ན་གཞོན་བྱ་བར་ཞབས་འདེགས་ཞུ་བའི་རྣམ་པའི་ཁྲོད་འདྲེས་པར་བྱས་ལ། རོང་འབྲོག་ཁུལ་གྱི་ན་གཞོན་ལོ་ཆུང་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ་དམིགས་འབེན་དུ་བྱས་པ་དང་། སློབ་སྐྱོར་མི་སྐྱོང་དང་བདེ་ཐང་སྲུང་སྐྱོབ། བྱང་ཚད་མཐོར་འདེགས། ལག་ལེན་བྱ་འགུལ། མི་སྐྱོང་བ་བཅས་ཐད་ནས་རེ་བའི་བཟོ་སྐྲུན་གྱི་ཞབས་འདེགས་ཞུ་ཚད་མཐོར་འདེགས་བཏང་ལ། མཉམ་འབྲེལ་དྲ་རྒྱ་མྱུར་དུ་ཚུལ་བསྒྱུར་དང་། དུས་རབས་གསར་བའི་རེ་བའི་བཟོ་སྐྲུན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། བྱིས་པ་སྔར་ལས་མང་པོ་དང་རོགས་རམ་བྱེད་དགོས་པའི་མི་རྣམས་ལ་རེ་བ་དང་སྟོབས་ཤུགས་སྐྱེལ་བ་དང་། ཁོ་ཚོས་སྔར་ལས་ཕུན་སུམ་ཚོགས་པའི་མ་འོངས་བརྩོན་ལེན་བྱེད་པར་རོགས་འདེགས་བྱས།

ཞིང་ཆེན་ན་གཞོན་ལོ་ཆུང་འཕེལ་རྒྱས་ཐེབས་རྩ་ཚོགས་པས་སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་བ་དང་གནས་བབ་གསར་བ། ལས་འགན་གསར་བ། རེ་བ་གསར་བ་དང་མཐུན་པར་བྱེད་པ་དང་། ཆེད་ལས་ཅན་དང་ཚོང་རྟགས་ཅན། དྲ་རྒྱ་ཅན། སྤྱི་ཚོགས་ཅན་གྱི་འཁོར་རྒྱུག་ནུས་པ་མཐོར་འདེགས་གཏོང་བ། ལས་གཞི་ཇུས་འགོད་དོ་དམ་ཆུ་ཚད་དང་མ་དངུལ་གྲབས་གསོག་དོ་དམ་ཆུ་ཚད། ཆེད་ལས་དཔུང་སྡེ་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བཏང་ནས། ཧུར་ཐག་གིས་སྤྱི་ཚོགས་སྐུལ་སློང་ནུས་པ་ཆེ་བ་དང་སྤྱི་ཚོགས་ཚོང་རྟགས་ངོས་ལེན་བྱེད་ཚད་མཐོ་བ། མ་དངུལ་བཀོལ་སྤྱོད་ཕན་འབྲས་མཐོ་བ། མང་ཚོགས་ཡིད་ཚིམ་པ་དང་གདེང་འཇོག་མཐོ་བའི་དུས་རབས་གསར་བའི་སྤྱི་ཕན་རྩ་འཛུགས་འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།