ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཟི་ལིང་ནས་རིམས་ནད་འགོག་བཅོས་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱེད་སྐབས་ནན་གྱིས་བསྟན་དོན། དུས་ཆེན་སྐབས་སུ་གུང་གསེང་བཏང་ན་ཡང་། རིམས་ནད་འགོག་སྡོམ་གྱི་འགན་འཁྲི་དང་རེ་བ། བྱེད་ཐབས་གློད་མི་རུང་བས། རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པ་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཚད་མཐའི་བསམ་བློ་ཇེ་དྲག་ཏུ་གཏོང་བ། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། གུང་གསེང་བཏང་ཡང་ལྷོད་གཡེང་མི་བྱེད་པ་དང་། འགོག་སྡོམ་ནན་མོ་བྱས་ནས། རིམས་ནད་འགོག་སྡོམ་ཐད་ཀྱི་གྲུབ་འབྲས་བརྟན་སྲུང་བྱེད་དགོས།
ཞིན་ཁྲང་ཞིང་ཐང་ཏའོ་དྲུག་གསུམ་བདུན་དང་ཝང་ཧྥུའུ་ཅིན་ཏཱ་ཞང་དངོས་ཚོང་ལྟེ་གནས་ལ་སོང་ནས། རང་འགུལ་གྱིས་ཨང་བཤེར་བྱས་པ་དང་། ཡུལ་དངོས་ནས་རྒྱུན་སྲོལ་ཅན་གྱི་རིམས་ནད་འགོག་སྡོམ་བྱེད་ཐབས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས་ལ། ཚོང་བ་དང་ལས་བྱེད་མི་སྣས་རིམས་ནད་འགོག་སྡོམ་ཐད་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་ནན་མོ་བྱེད་རྒྱུའི་མངག་བཅོལ་བྱས།
དེའི་རྗེས། ཞིན་ཁྲང་ཞིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དུ་སོང་ནས། འཕྲལ་བསྟུན་ལས་རེས་མི་སྣར་འཚམས་འདྲི་བྱས་པར་མ་ཟད་ཚང་མར་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། དུས་ཆེན་གྱི་གུང་གསེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་རིམས་ནད་འགོག་སྡོམ་བྱ་བའི་བཀོད་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་བརྙན་རིས་བརྒྱུད་དེ། མགོ་ལོག་དང་མཚོ་ལྷོ། མཚོ་ནུབ་སོགས་ས་ཆའི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་འགན་ཁུར་བློ་མཐུན་དང་གླེང་མོལ་བྱས།
ཞིན་ཁྲང་ཞིང་གིས་བཤད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། རང་ཞིང་དུ་རིམས་ནད་སྐོར་ཐེངས་གཉིས་ལ་བྱུང་བ་དང་། དེའི་ཁྲོད་དཔུང་སྡེ་ལ་སྦྱོང་བརྡར་ཐོབ་པ་དང་ཉམས་མྱོང་སྤྱི་སྡོམ་བྱས་ལ། གནད་དོན་རྙེད། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་མི་འདུ་ཚད་ཇེ་ཆེར་སོང་བ་དང་རིམས་ནད་བརྒྱུད་མཆེད་ཀྱི་ཉེན་ཁ་ཇེ་ཆེར་སོང་ཡོད་པས། ངོས་ཟིན་མཐོར་འདེགས་བཏང་སྟེ། སྟེས་དབང་གི་བསམ་བློ་ཡོད་མི་རུང་བ་དང་སུན་སྣང་མི་སྐྱེས་པ་དང་ལྷོད་གཡེང་བྱེད་མི་རུང་བར། དུས་ནམ་ཡང་ལས་རྐང་བརྟན་སྲུང་བྱས་ནས། རིམས་ནད་འགོག་སྡོམ་ཐད་ཀྱི་རེ་བ་སྣ་ཚོགས་ནམ་ཡང་དམ་འཛིན་བྱེད་དགོས། རིམས་ནད་འགོག་སྡོམ་བཀོད་འདོམས་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་གཏོང་བ་དང་། ནར་ལེབ་ཅན་གྱི་བཀོད་འདོམས་དང་ལེགས་ཞིབ་ཅན་གྱི་དོ་དམ་བྱེད་པ། ལས་རེས་ལས་སྲུང་ལ་ཤུགས་སྣོན་པ། བྲེལ་མྱུར་གནས་ཚུལ་བྱུང་ཚེ། གཞི་གྲངས་ཆེན་མོ་དང་གཞི་རིམ་རྩ་འཛུགས་སོགས་ལ་རྒྱབ་རྟེན་ནས་མྱུར་དུ་མཐིལ་རྟོགས་བརྟག་བཤེར་བྱེད་པ་དང་། དུས་ཐོག་ཏུ་མཐའ་གཅིག་ཏུ་ཐག་གཅོད་བྱེད་དགོས། སྤྱི་ཚོགས་ངོས་ཟུར་གྱི་འགོག་སྡོམ་ལ་ཤུགས་སྣོན་པ་དང་། འགོག་པ་གཙོར་འཛིན་པ་དང་འགོག་སྡོམ་ལ་ཟུང་འབྲེལ་བྱེད་པ། སྔ་མོ་བཞིའི་རེ་བ་ལག་བསྟར་བྱེད་པ། ཕྱོགས་བཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། མང་ཚོགས་ཀྱིས་མི་སྒེར་གྱི་འགོག་སྲུང་བཟང་བོ་བྱེད་པར་གསལ་འདེབས་དང་སྣེ་ཁྲིད་བྱེད་པ། ཕྱོགས་ཡོངས་ནས་རིམས་ནད་འགོག་སྡོམ་ཐད་ཀྱི་བདེ་འཇགས་འགོག་སྲུང་དྲ་རྒྱ་བརྟན་པོར་བཙུགས་ཏེ། སྟོབས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་དགོས།
ཁྲིན་རུའེ་ཧྥིན་འབྲེལ་ཡོད་བྱ་འགུལ་ལ་ཞུགས། ཁོང་ཡུང་གིས་མཉམ་དུ་ཞིབ་བཤེར་ལྟ་སྐུལ་བྱས།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།
ཞིན་ཁྲང་ཞིང་གིས་ཟི་ལིང་གི་རིམས་ནད་འགོག་སྡོམ་བྱ་བར་ཞིབ་བཤེར་ལྟ་སྐུལ་བྱས།