ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཅེ་ཞང་གིས་ལུགས་གསར་ལོ་སར་སྐབས་ཀྱི་ལས་རེས་ལས་སྲུང་དང་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་གཅིག་ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་ཞིང་ཆེན་ཡོངས་ཀྱི་ལུགས་གསར་ལོ་སར་སྐབས་ཀྱི་ལས་རེས་ལས་སྲུང་དང་མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་བྱ་བར་ཞིབ་བཤེར་བྱས་ནས་ནན་གྱིས་བསྟན་དོན། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ལ་འགན་སྲུང་དང་ཐོན་སྐྱེད་གཏན་འཇགས་སུ་གཏོང་བ། མཁོ་འདོན་འགན་སྲུང་དང་རིན་གོང་གཏན་འཇགས་སུ་བཏང་སྟེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་བདེ་འཇགས་ཀྱི་དུས་ཆེན་ཞིག་རོལ་ཐུབ་པར་བྱེད་དགོས།

ཞིང་ཆེན་སྲིད་གཞུང་སྤྱིའི་ལས་རེས་ཁང་དུ། ལིས་ཅེ་ཞང་གིས་དུས་ཆེན་སྐབས་སུ་ལས་རེས་བརྟན་སྲུང་བྱས་པའི་ལས་བྱེད་མི་སྣར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱི་ལས་རེས་ལས་སྲུང་གནས་ཚུལ་ལ་སྐབས་བསྟུན་འཐེན་ཞིབ་བྱས་པ་མ་ཟད། ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས། ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ནས་རྒྱལ་ཡོངས་ཀྱི་ལུགས་གསར་ལོ་སར་སྐབས་ཀྱི་བདེ་འཇགས་འགོག་སྲུང་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་ལ་ཞུགས་རྗེས། ལིས་ཅེ་ཞང་གིས་བརྙན་རིས་བརྒྱུད་དེ་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་བྱ་བར་བཀོད་གཏོང་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་ལས་ཁུངས་ཀྱིས་རྒྱལ་ཁབ་བཀོད་གཏོང་གྲོས་ཚོགས་ཀྱི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱེད་དགོས་པ་དང་། མང་ཚོགས་ཀྱིས་དུས་ཆེན་ལ་རོལ་བ་དང་། ང་ཚོས་འགག་སྒོ་སྲུང་བའི་འདུ་ཤེས་བརྟན་པོ་འཛུགས་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ། ལས་རེས་སྒྲིག་ལམ་བརྟན་སྲུང་བྱེད་པ། དབྱེ་ཞིབ་ཞིབ་འཇུག་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་ཆ་འཕྲིན་སྐྱེལ་ཞུ་བྱེད་དགོས། གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་གནད་འགག་ལ་དམ་དུ་དམིགས་པ། ཇུས་གཞི་ཇེ་དྲག་ཏུ་གཏོང་བ་དང་མཐུན་སྦྱོར་མཉམ་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་རིགས་མི་འདྲ་བའི་ཉེན་ཁ་སྣ་ཚོགས་ལ་བརྟག་བཤེར་བཅོས་སྐྱོང་བྱེད་དགོས། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྔོན་དུས་ཀྱི་དབྱེ་ཞིབ་བྱ་བ་བཟང་བོར་བསྒྲུབ་པ། ཐོལ་བྱུང་གནས་ཚུལ་སྣ་ཚོགས་ལ་ཁ་གཏད་བཟང་བོ་འཇལ་ནས། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་བདེ་འཇགས་འཛུགས་སྐྲུན་བྱེད་དགོས།

དེའི་རྗེས། ལིས་ཅེ་ཞང་ཟི་ལིང་གྲོང་ཁྱེར་འཁལ་འཐག་ཐོན་རྫས་སྣ་འཛོམས་ཚོང་ར་དང་ཅཱ་ཞོ་ཀྲུང་ཞིང་ལས་ཉོ་ཚོང་ཚོང་ར་ལ་སོང་ནས། དུས་ཆེན་སྐབས་ཀྱི་སྣུམ་བྱེ་ཞོར་ཟས་ཉོ་ཚོང་གནས་ཚུལ་ལ་བརྟག་བཤེར་བྱས། ཁོས་བསྟན་དོན། ཚོང་རའི་མཁོ་འདོན་ལ་རྒྱུས་ལོན་བྱེད་པ་དང་། སྤུས་ཚད་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ། མང་ཚོགས་ཀྱི་ཚལ་སླེ་དང་འབྲུ་ཁུག་ལ་འགན་སྲུང་བྱེད་དགོས། ཚོང་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། རིན་གོང་ཇེ་མཐོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཚོང་ར་ཆེན་པོ་དང་ཚོང་ཁང་སོགས་མི་འདུ་ཚད་ཆེ་བའི་ཡུལ་གནས་ཀྱི་འགྲིམ་འགྲུལ་དང་མེ་གསོད་མེ་འགོག་སོགས་བདེ་འཇགས་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། རིམས་ནད་འགོག་སྡོམ་བྱ་བ་བཟང་བོར་བསྒྲུབ་པ་དང་མང་ཚོགས་ཀྱིས་སེམས་བདེ་མོས་ངང་དུས་ཆེན་ལ་རོལ་ཐུབ་པར་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།