མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལུགས་གསར་ལོ་སར་གྱི་ཇ་སྟོན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ལོ་སར་གྱི་ཇ་སྟོན་གྲོས་ཚོགས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་ཚབ་བྱས་ནས། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས། མཚོ་སྔོན་དུ་སྡོད་པའི་དམག་དཔུང་དང་དྲག་ཆས་ཉེན་རྟོག་གི་དཔོན་དམག ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ལས་རིགས་སོ་སོའི་མི་སྣ་བཅས་ལ། ལུགས་གསར་ལོ་སར་གྱི་སྨོན་འདུན་ཞུས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། 2021ལོ་ནི་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་སྐྱེས་སྐར་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་རྡོ་རིང་རང་བཞིན་གྱི་དོན་སྙིན་ལྡན་པའི་ལོ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ལོ་རྒྱུས་སྟེང་ཆེས་སྤྱིར་བཏང་མིན་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་འོས་པའི་ལོ་གཅིག་ཡིན། ལོ་འདིའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐབས་ཀྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་། མཚོ་སྔོན་དུ་ཡང་བསྐྱར་གཟིགས་ཞིབ་བྱས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ང་ཚོས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་བསྟན་པ་དང་། དུས་རབས་གསར་བའི་མཚོ་སྔོན་གྱི་ལེའུ་འབྲི་བའི་མཛེས་སྡུག་གི་པར་རིས་བྲིས་ལ། གསར་སྤེལ་གསར་གཏོད་དང་ཁག་ཁུར་དངོས་གཉེར་གྱི་སྒུལ་ཤུགས་ཆེན་པོ་བསྣན། ལོ་འདིའི་ནང་། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་བཟང་བོ་བརྩམས། ལོ་འདིའི་ནང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིད་ལ་དམ་པོར་བཟུང་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་ཐད་ནས་འགོ་བཟང་བོ་བརྩམས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱས་པ་དང་། ཐོན་ལས་ས་བཞི་བརྟན་བརླིང་ངང་འཛུགས་སྐྲུན་བྱས། ལོ་འདིའི་ནང་། ང་ཚོས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱས་པ་དང་། མུ་མཐུད་དུ་ནོར་སྲིད་ཆུང་བར་བརྟེན་ནས་དམངས་ཚིས་ཆེན་པོ་བསྒྲུབས་པ་དང་། རྨང་གཞི་རང་བཞིན་དང་ཀུན་ཕན་རང་བཞིན། མཐིལ་རྟོགས་རང་བཞིན་གྱི་དམངས་ཚིས་འགན་སྲུང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིགས་མི་འདྲ་བའི་དམངས་ཚིས་དོན་དངོས་ནན་མོར་བསྒྲུབས། འདས་ཟིན་པའི་ལོ་གཅིག་ལ་ཕྱིར་བལྟ་བྱས་ན། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུས་པ་དང་། ཕྱི་ནས་ནང་དུ་མཆེད་པའི་རིམས་ནད་ཀྱི་གནོད་པ་དང་རྨ་སྟོད་ས་འགུལ་སོགས་ཐད་ཀྱི་དཀའ་ཁག་མང་པོ་ཁྱད་སེལ་བྱས་ལ། གྲུབ་འབྲས་བཟང་བོ་བླངས། དེའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་དང་ཐུགས་ཁུར་ལ་རག་ལས་པ་དང་། ཞིང་ཆེན་ཏང་ཨུས་འགོ་ཁྲིད་བྱས་པ་དང་ཞིང་ཆེན་གོང་འོག་ཡོངས་ཀྱིས་སེམས་གཅིག་གཅིག་སྒྲིལ་བྱས་པའི་གྲུབ་འབྲས་ཡིན་ལ། འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པའི་སེམས་ཁུར་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བཞག་པའི་བྱས་རྗེས་ལ་རག་ལས་པ་དང་། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ། མི་སྣ་ཚོགས་པ་སོ་སོའི་འབད་བརྩོན་འདུ་ལ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར། མཚོ་སྔོན་དུ་སྡོད་པའི་ལས་ཁུངས། སྤྱི་ཚོགས་ལས་རིགས་སོ་སོ་བཅས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་འབྲལ་ཐབས་མེད།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། ལུགས་གསར་ལོ་སར་ནི་སྔ་འཛིན་ཕྱི་གཏོད་བྱེད་པའི་དུས་ཆེན་གལ་ཆེན་ཡིན་ལ། བྱ་བའི་འགོ་ཚུགས་ས་དང་འབད་འཐབ་ཀྱི་འགོ་ཚུགས་ས། མདུན་སྐྱོད་ཀྱི་འགོ་ཚུགས་ས་ཡང་ཡིན་པས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་ལྟར། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ས་བཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་འཐབ་ཇུས་ལག་བསྟར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་འབད་འཐབ་བྱས་ཏེ། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཇ་སྟོན་གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་ཏང་ཁག་ཚོགས་པ་སོ་སོ་དང་རིགས་སོ་སོ། ལས་རིགས་སོ་སོའི་མི་སྣས་ཚབ་བྱས་ཏེ་གཏམ་བཤད། རིག་རྩལ་བྱ་བ་སྒྲུབ་མཁན་ཚོས་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས།

ཟི་ལིང་དུ་སྡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་དམག་ཁུལ་གྱི་འགོ་ཁྲིད། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་མཚོ་སྔོན་སྤྱིའི་རུ་ཁག་གི་འགན་ཁུར་བློ་མཐུན། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྐོར་ཞིག་གི་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན། རང་ཞིང་གི་སྔོན་ཐོན་གུང་ཁྲན་ཏང་ཡོན་གྱི་འཐུས་ཚབ་པ། འབུར་ཐོན་བྱས་རྗེས་བཞག་པའི་ཆེད་མཁས་པ་དང་རིག་གནས་པའི་འཐུས་ཚབ་པ། ཟི་ལིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་སྐོར་ཞིག་བཅས་ཇ་སྟོན་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།