མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར།(ཨང4པ)

“ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་ལྡོག་འཕར་འགོག་པའི”སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བ་དངོས་སུ་བཟང་པོར་བསྒྲུབ་ཆེད། འབྲེལ་ཡོད་དོན་དག་སྐོར་ནས་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག མཚོ་སྔོན་དུ་ཡོང་བ་དང་ཕྱིར་ལོག་པའི་མི་སྣའི་དོ་དམ་ཞབས་ཞུ་ལ་དངོས་སུ་ཤུགས་སྣོན་དགོས། རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས། གནམ་གྲུ་ཐང་། ཞིང་ཆེན་གཞན་དང་འབྲེལ་མཚམས་ཀྱི་འགྲིམ་འགྲུལ་འགག་གནས་སུ་གྲལ་བཤེར་དམ་སྡོམ་ནན་མོ་བྱས་ཏེ། ལུས་དྲོད་འཇལ་བ་དང་། བདེ་ཐང་ཨང་རིས་དང་འགྲུལ་རིམ་ཨང་རིས་བཤེར་བ། འགོག་ཁབ་རྒྱག་པའི་བླང་བྱ་ལག་ལེན་དུ་བསྟར་བ་བཅས་དོན་འཁྱོལ་ནན་མོ་བྱེད་པ་དང་། མཚོ་སྔོན་དུ་ཡོང་བ་དང་ཕྱིར་ལོག་པའི་མི་ཚང་མས་ངེས་པར་དུ་དུས་ཚོད་ཞེ་བརྒྱད་མ་འགོར་བའི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཡི་གེ་འཛིན་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་སྟོན་མ་ཐུབ་ཚེ་ས་དེ་དང་ཐག་ཉེ་ནས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས་པ་དང་། ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་མ་བུད་གོང་ས་དེ་དང་ཐག་ཉེ་ནས་དམ་སྡོམ་བྱ་དགོས། རྒྱལ་ཁབ་གཞན་དང་ཉེན་ཁ་ཆེ་འབྲིང་ས་ཁུལ། རྒྱལ་ནང་གི་རིམས་ནད་བྱུང་ས་བཅས་ནས་མཚོ་སྔོན་ལ་ཡོང་བ་དང་ཕྱིར་ལོག་པའི་མི་ཚང་མར་གཏན་ཁེལ་ལྟར་ལོགས་བཀར་དམ་སྡོམ་བྱ་དགོས།

གཉིས། མི་སྣ་ཕྱི་རོལ་དུ་འགྲོ་བར་ཚོད་འཛིན་ནན་མོ་བྱ་དགོས། དགོས་མཁོ་མི་ཆེ་ན་ཕྱི་རོལ་དུ་མི་འགྲོ་བ་རྒྱུན་འཁྱོངས་སྒོས་ཞིང་ཆེན་ནང་ཁུལ་གྱི་མི་སྣ་ཉེན་ཁ་ཆེ་འབྲིང་ས་ཁུལ་དང་རིམས་ནད་བྱུང་སར་འགྲོ་བར་ཚོད་འཛིན་ནན་མོ་བྱས་ཏེ། དགོས་མཁོ་མི་ཆེ་ན་ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་འགྲོ་བར་བྱ་དགོས། ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་ཕྱི་རོལ་དུ་མི་འགྲོ་བ་དང་ཉུང་ཙམ་འགྲོ་བར་ཁྲིད་སྟོན་བྱས་ཏེ། རང་ས་གནས་ནས་ལོ་སར་ལ་རོལ་བར་སྐུལ་མ་གཏོང་དགོས། ཕྱི་རོལ་དུ་སོང་བའི་མི་ཚང་མས་ཕྱིར་ཡོང་རྗེས་ངེས་པར་དུ་རང་འགུལ་གྱིས་སྡོད་ཁུལ་དང་སྡེ་བ་རུ་ཐོ་འགོད་བྱ་དགོས་པར་མ་ཟད། རང་འགུལ་གྱིས་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། རང་འགུལ་གྱིས་ཡར་ཞུ་མི་བྱེད་པ་དང་བསམ་བཞིན་དུ་གནས་ཚུལ་གསང་བའམ་ཡང་ན་ལོགས་བཀར་གསོ་རིག་ལྟ་ཞིབ་དང་ལེན་མི་བྱེད་པར་རིམས་ནད་འགོས་པར་བྱས་པའམ་ཡང་ན་རིམས་ནད་མཆེད་པའི་ཉེན་ཁ་བཟོས་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་མི་དེའི་བཅའ་ཁྲིམས་ཀྱི་འགན་ཁུར་རྩད་གཅོད་ནན་མོ་བྱ་རྒྱུ་ཡིན།

གསུམ། ཉེན་ཁ་ཆེ་བའི་མི་ཚོགས་ཀྱི་དོ་དམ་ཞབས་ཞུ་ལ་ཤུགས་སྣོན་དགོས། རླངས་འཁོར་ས་ཚིགས་དང་མེ་འཁོར་ས་ཚིགས། གནམ་གྲུ་ཐང་། གཅིག་བསྡུས་ལོགས་བཀར་བྱེད་ཡུལ། ནད་ངོས་བཟུང་བའི་ནད་པར་སྨན་བཅོས་བྱེད་སའི་ངེས་གཏན་སྨན་ཁང་དང་ཚ་རྒྱས་སྒོ་བསྟེན། འཁྱག་ཟས་སྐྱེལ་འདྲེན། ཞིང་ཞོར་ཐོན་རྫས་འགྲེམ་གནས་སོགས་ཀྱི་ཉེན་ཁ་ཆེ་བའི་ལས་དོན་པས་སྒེར་གྱི་འགོག་སྲུང་དང་བདེ་ཐང་ལྟ་ཞིབ་ལ་ཤུགས་སྣོན་པ་དང་། ཉིང་སྐྱུར་བརྟག་དཔྱད་བྱེད་ཐེངས་ཇེ་མང་དུ་གཏོང་བ། མི་སྣར་དོ་དམ་ནན་མོ་བཅས་བྱ་དགོས། གང་ཐུབ་ཅི་ཐུབ་ཀྱིས་ཞིང་ཆེན་གྱི་ཕྱི་རུ་མི་འགྲོ་རྒྱུ་དང་། གལ་ཏེ་ངེས་པར་དུ་འགྲོ་དགོས་ཚེ་བྱ་བའི་ལས་གནས་དང་བྲལ་ནས་ཉིན14ཡི་ཡན་འགོར་རྒྱུ་དང་། དུས་ཚོད48མ་འགོར་བའི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་འཛིན་རྒྱུ་མ་ཟད། ལས་ཁུངས་སུ་ཐོ་འགོད་བྱས་རྗེས་ད་གཟོད་ཞིང་ཆེན་ཕྱི་རུ་སོང་ཆོག ཡིག་སྐྱེལ་དང་དངོས་སྐྱེལ་སོགས་ཀྱི་འབྲེལ་ཡོད་མི་སྣས་སྐྱེལ་བྱའི་དངོས་རྫས་ཀྱི་དོ་དམ་ལ་ཤུགས་སྣོན་པ་དང་། གཙང་དག་དུག་སེལ་བྱེད་ཐེངས་ཇེ་མང་དུ་གཏོང་བ། སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་པ་བཅས་བྱ་དགོས། རིམ་པ་སོ་སོ་དང་རིགས་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་དོགས་ཡོད་ནད་པར་བརྟག་བཅོས་ཚད་ལྡན་བྱས་ཏེ། ཚ་རྒྱས་པའི་ནད་པ་ཚང་མར་ཉིང་སྐྱུར་བརྟག་དཔྱད་དང་སྨན་ཁང་ནས་ལྟ་ཞིབ་བྱ་དགོས།

བཞི། གནས་ཡུལ་གཙོ་བོའི་དོ་དམ་བྱེད་ཐབས་དངོས་སུ་དོན་འཁྱོལ་བྱ་དགོས། གནས་ཡུལ་གཙོ་བོ་སོ་སོས་རིམས་ནད་འགོག་སྡོམ་གྱི་གཙོ་གཞིའི་འགན་ཁུར་ལག་བསྟར་ནན་མོ་བྱས་ཏེ། ལས་བཟོ་པའི་བདེ་ཐང་དོ་དམ་དང་གནས་ཡུལ་ཁོར་ཡུག་ཏུ་རླུང་རྒྱུ་བར་བྱེད་པ་དང་དུག་སེལ་བྱེད་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་མཚོ་སྔོན་དུ་ཡོང་བ་དང་མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣ་དག་གཙོ་བོར་བཟུང་ནས་གྲལ་བཤེར་བྱེད་པར་ཤུགས་སྣོན་དགོས། ཡུལ་སྐོར་ལྗོངས་ཁུལ་དང་རོལ་རྩེད་གནས་ཡུལ་སོགས་སྤྱི་པའི་གནས་ཡུལ་གྱིས་མི་གྲངས་ལ་ཚོད་འཛིན་བྱེད་པ་དང་། སྔོན་ལ་དུས་བཅད་བྱེད་པ། དུས་མཚམས་བསྣོལ་བ་བཅས་ཀྱི་བླང་བྱ་ལག་བསྟར་ནན་མོ་བྱ་དགོས། འགྲིམ་འགྲུལ་ཡོ་བྱད་སྣ་ཚོགས་ཀྱིས་འགྲུལ་བ་འདྲུད་ཚད་ལ་ཚོད་འཛིན་ནན་མོ་བྱེད་པ་དང་། དུས་ལྟར་དུག་སེལ་བྱེད་པར་ཤུགས་སྣོན་དགོས། རྒན་གསོ་ཁང་དང་བཙོན་ཁང་། དུག་གཅོད་ཁང་། ལྟ་སྲུང་ཁང་སོགས་དམིགས་བསལ་གནས་ཡུལ་གྱིས་རྒྱ་སྡོམ་དོ་དམ་ལག་བསྟར་ནན་མོ་བྱ་དགོས། འཁྱག་འཇོག་ཟས་རིགས་དང་ནང་འདྲེན་དངོས་རྫས་ཀྱི་སྐྱེལ་འདྲེན་དང་ལས་སྣོན། གསོག་འཇོག ཕྱིར་འཚོང་བཅས་ཀྱི་ཁེ་ལས་ཀྱིས་དངོས་རྫས་སྟེང་གི་ཉིང་སྐྱུར་བརྟག་དཔྱད་དང་སྔོན་འགོག་རང་བཞིན་གྱི་དུག་སེལ་ལ་ཤུགས་སྣོན་དགོས།

ལྔ། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་ལ་དོ་དམ་ནན་མོ་བྱ་དགོས། དགོས་མཁོ་མི་ཆེ་ཚེ་བྱ་འགུལ་མི་སྤེལ་རྒྱུ་རྒྱུན་འཁྱོངས་ཀྱིས་གསོ་སྦྱོང་དང་ཚོགས་འདུ། བྱ་འགུལ་སྣ་ཚོགས་ཇེ་ཉུང་དུ་བཏང་སྟེ། སྤྱིར་བཏང་གིས་གཞི་ཁྱོན་ཆེ་བའི་མི་སྣ་འདུ་འཛོམས་ཅན་གྱི་བྱ་འགུལ་སྤེལ་མི་རུང་ལ། ཁྱིམ་མི་ལྷན་འཛོམས་ཀྱིས་ཟ་མ་ཟ་སྐབས་མི10ལས་མི་བརྒལ་བར་བྱ་དགོས། ཟས་ཅོག5ཡི་ཡན་གྱི་མི་སྣ་ལྷན་འཛོམས་ཀྱིས་ཟ་མ་ཟ་བའི་བྱ་འགུལ་འགན་དུ་ལེན་པའི་ཟ་ཁང་གིས་ངེས་པར་དུ་རིམས་ནད་འགོག་སྡོམ་གྱི་གཙོ་གཞིའི་འགན་ཁུར་དོན་འཁྱོལ་ནན་མོ་བྱ་དགོས་ལ། རང་སྟེང་ནས་ཟས་ཅོག5ཡི་ཡན་གྱི་མི་སྣ་ལྷན་འཛོམས་ཀྱིས་ཟ་མ་ཟ་བའི་བྱ་འགུལ་སྤེལ་མཁན་གྱིས་ངེས་པར་དུ་རང་ཉིད་ཡོད་སའི་སྡོད་ཁུལ་ཨུ་ཡོན་ལྷན་ཁང་དང་ཡང་ན་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཐོ་འགོད་བྱ་དགོས།

དྲུག སྒེར་གྱི་འགོག་སྲུང་དོ་དམ་ལ་ཤུགས་སྣོན་དགོས། རང་ཉིད་ནི་བདེ་ཐང་གི་འགན་ཁུར་བ་དང་པོ་ཡིན་པའི་འདུ་ཤེས་བརྟན་པོར་བཅངས་ནས། འཕྲོད་བསྟེན་དང་རིམས་འགོག་གི་གོམས་སྲོལ་བཟང་པོ་བསྟུད་མར་སྲ་བརྟན་དུ་བཏང་ནས། འདུ་འཛོམས་རང་བཞིན་གྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་ཚད་ཇེ་ཉུང་དང་མི་ཚོགས་འདུ་ས་ནས་འདུག་ཡུན་ཇེ་ཐུང་དུ་གཏོང་དགོས། པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་དུས་ལྟར་བརྒྱབ་ཚར་བར་བྱེད་དགོས་པ་དང་། རང་འགུལ་གྱིས་རིམས་འགོག་སྣོན་ཁབ་རྒྱག་དགོས།

མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2021ལོའི་ཟླ12པའི་ཚེས30ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།