ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི(བརྙན་རིས)གྲོས་ཚོགས་བསྡུས་ཏེ། ཉེ་དུས་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་བྱ་བའི་གནས་ཚུལ་ཡོངས་བསྒྲགས་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་གསར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བླང་བྱ་ལྟར། ལུགས་རྙིང་དང་ལུགས་གསར་ལོ་སར་སྐབས་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིམས་ནད་འགོག་སྡོམ་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དེང་སྐབས་རྙོང་འཛིང་ཆེ་བའི་རིམས་ནད་གནས་བབ་ལ་ངེས་ཤེས་ཟབ་མོ་ཡོད་དགོས་པ་དང་། རིམས་ནད་འགོག་སྡོམ་སྲ་བརྟན་དུ་བཏང་སྟེ། མཚོ་སྔོན་དུ་ལོགས་པ་དང་མཚོ་སྔོན་དུ་ཡོང་མཁན་གྱི་ཞིབ་བཤེར་དོ་དམ་ཚོད་འཛིན་བྱ་བར་གཟབ་ནན་བྱས་ནས། “ས་ཚིགས་གཉིས་དང་ཚོགས་ར་གཅིག”དང་ཞིང་ཆེན་ས་མཚམས་ཀྱི་རྩད་ཞིབ་དོ་དམ་ཚོད་འཛིན་བྱ་བར་ཤུགས་བསྣན་ནས། རིམས་ནད་སྔོན་འགོག་བྱ་བར་གཟབ་ནན་བྱས་ཏེ། རིམས་ནད་ནང་མཆེད་འགོག་སྡོམ་ནན་མོ་བྱེད་དགོས། གཞིས་ཁུལ་དང་ཞིང་སྡེ། སྡེ་ཁག་ལས་ཁུངས། ཁེ་ལས་སོགས་ཀྱིས་འགོག་སྡོམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ནས། ལྟ་ཞིབ་ཚད་ལེན་རྩད་ཞིབ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དགོས། མི་འདང་ས་ཁ་གསབ་དང་ཞན་ཆར་ཤུགས་བསྣན་ནས། ནུས་ཤུགས་མཐོར་འདེགས་དང་འཕྲལ་བསྟུན་ཐག་གཅོད་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས། མི་སྣ་འདུ་འཛོམས་ཇེ་ཉུང་དུ་བཏང་ནས། འཕྲལ་བསྟུན་ལས་རེས་ལ་ཤུགས་བསྣན་ཏེ། ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་ཤུགས་ཇེ་དྲག་ཏུ་བཏང་ནས། བྱེད་ཐབས་དོན་འཁྱོལ་ལ་ཁག་ཐེག་དང་། རིམས་ནད་འགོག་སྡོམ་གྱི་ཐོབ་དཀའ་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ལས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་། རིམས་ནད་འགོག་སྡོམ་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་། ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱི་ཁྱོན་དང་འབྲེལ་བ་ཡོད་ལ། དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད། མཐའ་གཅིག་ཏུ་བསམ་བློ་དང་བྱེད་སྟངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་དང་གཅིག་གྱུར་བྱས་ནས། བྱ་བའི་སྟོབས་ཤུགས་ལ་ཤུགས་སྣོན་དང་། ལས་རེས་ལ་ཤུགས་སྣོན། ལྟ་སྐུལ་ཞིབ་བཤེར་གཟབ་ནན་སྒོས།“བཞི་སྔའི”བླང་བྱ་དོན་འཁྱོལ་དང་། “ཕྱོགས་བཞིའི”འགན་འཁྲི་ཇེ་དམ་དུ་བཏང་ནས། “ཕྱི་ནས་ནང་མཆེད་འགོག་པ་དང་། ནང་ནས་ལྡོག་འཕར་འགོག་པའི”འགོག་སྡོམ་སྲིད་ཇུས་གཡོ་འགུལ་མེད་པར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས“དུས་ཆེན་གཉིས”དང་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་དུས་སྐབས་ཀྱི་རིམས་ནད་འགོག་སྡོམ་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱ་བའི(བརྙན་ལམ)གྲོས་ཚོགས་བསྡུས།