“རྟ་ཐོག་ཁྲིམས་ར”ཡིས་རྨ་སྟོད་རྩྭ་ཐང་ལ་དྲོད་ཁོལ་སྦྱིན་པ།

3.jpg

པར་འདི་ནི་ཁྲིམས་ལུགས་དྲིལ་སྒྲོག་རུ་ཁག་འབྲོག་སར་བསྐྱོད་པའི་ཚུལ་རེད།

4.jpg

པར་འདི་ནི་ལས་དོན་མི་སྣས་འབྲོག་པ་མང་ཚོགས་དང་ཁྲིམས་ལུགས་དྲིལ་སྒྲོག་སྐོར་ཁ་བརྡ་བྱེད་བཞིན་པའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁ་བ་བབས་ནས་གྲང་རླུང་འུར་འུར་དུ་ལྡང་ཞིང་། མུ་མཐའ་མེད་པའི་རྩྭ་ཐང་དུ་ང་ཚོའི་རྣ་ལམ་དུ་རྟའི་རྨིག་སྒྲ་ཞིག་ལྷང་ལྷང་དུ་གྲགས་ཡོང་།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཆན་ཁའོ་ཆན་གྱིས་ལུས་ལ་ཁྲིམས་དཔོན་གྱི་གོས་གྱོན་ཞིང་ལག་ཏུ“རྨ་སྟོད་ཁྲིམས་ཁང་གི་སྐོར་བསྐྱོད་ཁྲིམས་ར”བཀོད་པའི་དར་ཆ་བཟུང་སྟེ་མི7ཡོད་པའི་སྐྱ་དམག་རུ་ཁག་ཅིག་གི་སྣེ་ཁྲིད་དེ་འབྲོག་པའི་དུད་ཚང་ཞིག་ཏུ་སླེབས།

གུར་ནང་དུ་འབྲོག་པ་མང་ཚོགས་ཀྱིས་ཁེངས་ཡོད་ལ། ཆན་ཁའོ་ཆན་གྱིས་རྟ་ཐོག་གི་བཅའ་ཁྲིམས་དཔེ་དེབ་གུར་ནང་དུ་འཁྱེར་ནས“སྐོར་བསྐྱོད་ཁྲིམས་ར”ཡི་དར་ཆ་ལེགས་པོར་བཀལ་ཞིང་། བཅའ་ཁྲིམས་སྒྲོག་འགྲེལ་སྟེགས་བུ་སྟབས་བདེ་ཞིག་བསྐྲུན་ཏེ་བཀོད་སྒྲིག་ཡག་པོ་བྱས།

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཆ་སྙོམས་ས་བབ་སྨི4500ཡན་ཟིན་པ་དང་། མི་འབོར་ཁ་ཐོར་དུ་གནས་ཤིང་། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བས། བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་དང་། གྱོད་གཞི་འདྲི་ཞིབ། ཡིག་ཆ་སྐྱེལ་སྤྲོད་བཅས་ལ་དཀའ་ཁག་མང་པོ་བཟོས་ཡོད།

མང་ཚོགས་ལ་དཀའ་ལས་མི་བཟོ་བའི་ཆེད། རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གི་ལས་དོན་མི་སྣས་རྟ་ཞོན་ནས་གྲོང་ཚོར་བསྐྱོད་པ་དང་། ཁྲིམས་ར་འབྲོག་པའི་སྦྲ་མདུན་དུ་སྤོས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བའི་བསྙེན་བཀུར་དང་གསོ་སྐྱོང་། གཉེན་སྒྲིག་ཕྱོགས་ཀྱི་རྩོད་གཞི། རྒྱུ་ནོར་རྩོད་གཞི་སོགས་ཀྱི་གྱོད་གཞི་དུས་ཐོག་ཏུ་བདག་སྤྲོད་བྱས་པ་མ་ཟད། ས་གནས་སུ་གྱོད་དོན་ཐོ་འགོད་དང་རང་སར་འདྲི་ཞིབ་བྱེད་པའི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱིས་གཏུག་བཤེར་བྱ་རྒྱུར་སྟབས་བདེ་བསྐྲུན་པ་རེད།

“ལུགས་གསར་རྙིང་གི་ལོ་གསར་ལ་ཉེ་བའི་སྐབས་འདིར་གཙོ་བོ་མང་ཚོགས་རྣམས་ལ་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་སྒྲོག་ཁག་གཅིག་བྱེད་བཞིན་ཡོད”ཅེས་རྨ་སྟོད་རྫོང་མི་དམངས་ཁྲིམས་ཁང་གྱོད་དོན་ཐོ་འགོད་ཁང་གི་མགོ་གཙོ་ཚེ་སྒྲོན་མཚོ་ཡིས་དེ་ལྟར་བཤད། མོས་ད་དུང“ལོ་འདི་དག་རིང་ལ་འཚོ་བ་ཇེ་བཟང་དུ་ཕྱིན་པས་ཚང་མས་དངུལ་གཡོར་བསྐྱིའི་གནས་ཚུལ་ཡང་མང་དུ་སོང་བ་དང་། དེ་བས་ཚང་མས་སྔོན་ཆད་བཞིན་ཚིག་ཐོག་ནས་ཁ་ཆད་འཇོག་པ་ཙམ་མ་ཡིན་པར་བསྐྱི་ཡིག་དང་འབྱོར་ཡིག་ཕྲིས་ན་ད་གཟོད་རྩོད་གཞི་མེད་པར་འགྱུར་ངེས་ཡིན”ཞེས་བསྟན།

“ཁྲིམས་ཁང་དེ་རིང་སྒྲོག་འགྲེལ་བྱེད་པར་ཡོང་བ་ཐོས་རྗེས་ང་རང་ཞོགས་པ་སྔ་མོ་ནས་སྦག་སྦག་བཞོན་ནས་དགུན་ས་ནས་ཐོན་པ་ཡིན”ཞེས་ཚེ་རིང་བསྟན་པ་ཡིས་མེ་ཐབ་འགྲམ་དུ་བསྡད་དེ་སྒྲོག་འགྲེལ་ལ་ཉན་བཞིན་བཤད།

ཚེ་རིང་བསྟན་པ་ནི་རྨ་སྟོད་རྫོང་མཛོ་རྒན་རྭ་བར་གྲོང་རྡལ་བེར་རྒན་གྲོང་ཚོའི་གྲོང་མི་ཡིན་ལ། ཁྱིམ་དུ་འབྲི་གཡག་མགོ་གྲངས་བརྒྱ་ལྷག་ཙམ་གསོས་ཡོད། ཕྱུགས་འཚོ་བའི་དུས་སུ་སླེབས་ཚེ། ཚེ་རིང་བསྟན་པ་འབྲོག་ས་ནས་ཟླ་ཁ་ཤས་བསྡད་དེ་ཕྱིར་མི་ཡོང་བ་དང་། སྔོན་ཆད་ཚེ་རིང་བསྟན་པས་རྩྭ་སའི་བགོ་བཤའི་ཐད་མི་གཞན་དང་རྩོད་གཞི་བྱུང་མྱོང་བས། ཁོས“སྐབས་དེར་གནད་དོན་ཡོད་ཚད་གྲོང་ཚོའི་ནང་གི་སྙན་གྲགས་ལྡན་པའི་རྒན་རྒོན་བཙལ་ནས་ཐག་གཅོད་བྱེད་པ་དང་། ཡིན་ཡང་མཇུག་འབྲས་དེ་འདྲའི་ཡིད་ཚིམ་པ་ཞིག་མིན”ཞེས་བཤད།

ཐེངས་ཤིག་ལ“རྟ་ཐོག་ཁྲིམས་ར”གཞི་རིམ་དུ་སྒྲོག་འགྲེལ་བྱེད་དུས། ཚེ་རིང་བསྟན་པས་རྩོད་གཞི་བྱུང་བའི་ཕྱོགས་གཉིས་ཡུལ་དངོས་སུ་ཡོད་པ་དང་བསྟུན་ནས་ཁྲིམས་དཔོན་ལ་རེ་ཞུ་བྱས་པ་རེད། “ཁྲིམས་དཔོན་གྱིས་ཐོག་མར་ཕྱོགས་གཉིས་ཀྱི་བསམ་ཚུལ་དྲིས་པ་དང་། དེ་རྗེས་ང་ཚོར་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས། མཐར་ང་ཚོའི་འབྲི་གཡག་གི་མགོ་གྲངས་དང་ཡོང་འབབ་གནས་ཚུལ་གཞིར་བཟུང་སྟེ་འདུམ་འགྲིག་བྱས་པ་རེད”ཅེས་ཚེ་རིང་བསྟན་པས་དེ་ལྟར་བཤད་པ་དང་། ཁོས“ཁྲིམས་ཁང་གིས་གཙོ་སྐྱོང་བྱས་ཏེ་ང་ཚོ་ཡུལ་དངོས་ནས་གྲོས་མཐུན་བྱུང་བ་མ་ཟད། འདུམ་འགྲིག་ཡི་གེ་ཐོག་མཛུབ་ཐེལ་བརྒྱབ་ནས་ཡི་གེ་ཡང་བྲིས་ཡོད”ཅེས་བཤད།

“མང་ཚོགས་ཡོད་སར་བཅའ་ཁྲིམས་ནི་མེད་དུ་མི་རུང་། ལམ་མེད་ཀྱང་ང་ཚོ་རྟ་ཞོན་ནས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྐོང་དགོས། “རྟ་ཐོག་ཁྲིམས་ར”ཡིས་འབྲོག་ཁུལ་མང་ཚོགས་ཀྱི་དོགས་གཞིར་ལན་ལེགས་པོ་བཏབ་ནས་དུས་ཐོག་ཏུ་ཁོ་ཚོའི་འགལ་བ་སེལ་བ་དང་། ས་གནས་སུ་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་པ་བརྒྱུད། སྔར་ལས་ལྷག་པའི་ཕན་འབྲས་ཆེ་བའི་ཁྲིམས་འཛིན་དམངས་ཕན་མ་ལག་བཙུགས་ཏེ་བཅའ་ཁྲིམས་ཀྱི་དྲོད་ཁོལ་དངོས་སུ་མང་ཚོགས་རྣམས་ལ་ཚོར་དུ་བཅུག”ཅེས་ཆན་ཁའོ་ཆན་གྱིས་བཤད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།