ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧུའུ་ཀོང་ཅེ་འཁོར་དང་བཅས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས24ཉིན་ནས་ཚེས25ཉིན་བར། ཅང་སུའུ་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧུའུ་ཀོང་ཅེ་འཁོར་དང་བཅས་པ་མཚོ་སྔོན་ལ་རྟོག་ཞིབ་ཏུ་ཕེབས་པ་དང་། སྔ་གཞུག་ཏུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་དང་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་སོགས་སུ་སོང་ནས་རོགས་སྐྱོར་ཐོན་ལས་འཕེལ་རྒྱས་དང་། འཛད་སྤྱོད་རོགས་སྐྱོར། རོགས་སྐྲུན་སྨན་ཁང་དང་སློབ་གྲྭ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རོགས་སྐྱོར་ལས་བྱེད་པའི་འཇོན་མིར་འཚམས་འདྲི་ཞུས་པ་དང་། ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་བཅས་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱི་རྟོག་ཞིབ་ཁྲོད་འགྲོ་རོགས་བྱས་པ་མ་ཟད་བཞུགས་མོལ་བྱས།

ཧུའུ་ཀོང་ཅེ་ཡིས་བསྟན་དོན། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཁ་གཏད་རོགས་སྐྱོར་མཐུན་སྦྱོར་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། འཇོན་མིའི་རྒྱབ་སྐྱོར་ལ་ཤུགས་བསྣན་ནས། ཐོན་ལས་དང་ངལ་རྩོལ་ལས་གཉེར། འཛད་སྤྱོད་མཐུན་སྦྱོར་སོགས་ཀྱི་ཐད་མུ་མཐུད་དུ་རྒྱ་བསྐྱེད་དེ། རིགས་སོ་སོའི་བྱ་བར་ཕན་འབྲས་བླངས་པ་དང་། མཚོ་སྔོན་གྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། སང་ལོར་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལྟར། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་བྱ་བའི་གཙོ་གནད་འབུར་དུ་ཐོན་ནས། དམངས་འཚོ་ལེགས་བཅོས་ལ་དམིགས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མཐོར་འདེགས་སུ་གཏོང་རྒྱུ་ཡིན། འགྲོ་འོང་བརྗེ་རེས་མཉམ་འདྲེས་ཇེ་ཟབ་ཏུ་བཏང་ནས། དགེ་མཚན་ཕན་ཚུན་ཁ་གསབ་ཤུགས་དྲག་ཏུ་བཏང་སྟེ། ཅང་སུའུ་དང་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན། 

ཚེ་རིང་ཐར་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཅང་སུའུ་ཡིས་ལོ་ངོ་མང་པོའི་རིང་རོགས་སྐྱོར་དང་རྒྱབ་སྐྱོར་གནང་བར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས། ཁོས་བསྟན་དོན། ཅང་སུའུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། “འདུ་ཤེས་བཞི”མཐོར་འདེགས་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་དེ་བྱེ་བྲག་གི་བྱེད་སྟངས་སྟེང་ཐོན་པར་བྱས། མཚོ་སྔོན་ཁ་གཏད་རོགས་སྐྱོར་དང་དབུས་ནུབ་རྒྱུད་མཐུན་སྦྱོར་ཐད་མུ་མཐུད་དུ་ཤུགས་བསྣན་ནས། སྲིད་ཇུས་མ་དངུལ་སྟེང་རྒྱབ་སྐྱོར་དང་ལས་བྱེད་པའི་འཇོན་མིའི་རོགས་སྐྱོར་ལ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་བསྣན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་བཅངས་པའི་བརྩེ་བ་ཉམས་སུ་བླངས་ཡོད། ཅང་སུའུ་ཞིང་ཆེན་གྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་མ་འོངས་མཉམ་ལས་ཀྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་། གྲུབ་འབྲས་ཆེན་པོ་ལེན་པར་ཡིད་ཆེས་ཡོད་ཅེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།