ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལག་རྩལ་ཁྱབ་གདལ་དུ་བཏང་ནས་མང་ཚོགས་ལ་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་པར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་དར་སྤེལ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལག་རྩལ་གཞི་རིམ་དུ་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། 2021ལོར། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྐང་འཛིན་གསོ་སྦྱོང་ལས་གཞི་མགོ་བརྩམས་པ་དང་། ལས་གཉེར་བྱ་བ་དེ“ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”ཞེས་པའི་ཁྲོད་འདྲེས་སུ་བཅུག་ཏེ། མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་ཐད་ཤུགས་བཏོན།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་སྤེལ་བའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཆེན་མོ་ཁྲིན་ཀྲིན་ཧུའུ་གདན་དྲངས་ནས་ཁོའི་སྣེ་ཁྲིད་བྱས་པའི་ཆི་ཧོང་སྨན་ཁབ་རྒྱུན་འཛིན་ཚོགས་པའི་ཆེད་མཁས་པ8ཀྱིས་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་ཁང་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་། གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལས་སྒྲུབ་པ་ཁྱོན460ལ་གཞུང་ལུགས་དང་དངོས་སྦྱོང་གསོ་སྦྱོང་བྱས་པ་དང་། ཞིང་ཆེན་ཕྱི་ནས་ནང་འདྲེན་བྱས་པའི་སྨན་བཅོས་ཕན་འབྲས་མངོན་གསལ་དང་ལས་གཉེར་སྟབས་བདེ་ཡིན་པའི“ཆི་ཧོང་སྨན་ཁབ”ལག་རྩལ་ནང་འདྲེན་བྱས་ཏེ། ཆེད་དོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། དགེ་རྒན་མིང་གྲགས་ཅན་གྱི་སྣེ་ཁྲིད་དེ་སློབ་ཁྲིད། ལག་རྩལ་གསོ་སྦྱོང་། སློབ་སྦྱོང་ལྟ་སྦྱོང་། ལག་ལེན་བེེད་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད། ཆི་ཧོང་སྨན་ཁབ་ལག་རྩལ་དེ་གཞི་རིམ་དུ་རྩ་བ་རྒྱས་སུ་བཅུག་ཏེ། མང་ཚོགས་ལ“སྟབས་བདེ་དང་ཞིབ་བཤེར། རིན་གོང་བདེ་བའི”ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཞབས་ཞུ་མཁོ་འདོན་བྱེད་པ་དང་། གཞི་རིམ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་མིི་སྣས་དུས་ཡུན་ཐུང་ངུའི་ནང་ཆི་ཧོང་སྨན་ཁབ་ལག་རྩལ་ཁོང་དུ་ཆུད་པར་བྱས། ཞིང་ཆེན་ཡོངས་ཀྱི་གསོ་སྦྱོང་མཇུག་སྒྲིལ་རྗེས། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་ཏུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་མི་སྣ་ཆིག་སྟོང་ཉེ་བས་ཆི་ཧོང་སྨན་ཁབ་ལག་རྩལ་ཁོང་དུ་ཆུད།

དུས་མཚུངས་སུ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་པ8བདམས་ཏེ།ཀོང་ཀྲོའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་པོོར་སོང་ནས་དགེ་རྒན་ཆེན་མོ་ཁྲིན་ཀྲིན་ཧུའུ་དང་མཉམ་དུ་ལོ་ཕྱེད་རིང་གི་སློབ་སྦྱོང་བྱས་པ་དང་། སློབ་མ་ཚོ་ཕྱིར་ཡོང་རྗེས་ཞིང་ཆེན་ཡོངས་ཀྱི་ཆི་ཧོང་སྨན་ཁབ་གསོ་སྦྱོང་བྱ་བར་ཤུགས་སྣོན་པ་དང་། ཞིང་ཆེན་ནང་ཁུལ་གྱི་ནད་པ་མང་པོར་བདེ་འཇགས་སྤུས་ལེགས་ཀྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།