མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོ་ཏང་ཁག་དང་འབྲེལ་ཡོད་མི་སྣའི་གྲོས་འདོན་སྲིད་གླེང་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱི་མི་སྣའི་བཞུགས་མོལ་ཚོགས་འདུ་དང་དམངས་གཙོ་ཏང་ཁག་དང་འབྲེལ་ཡོད་མི་སྣའི་གྲོས་འདོན་སྲིད་གླེང་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། སང་ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བའི་ཐད་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཐུན་ཚོགས། ཏང་ཁག་མེད་པའི་མི་སྣའི་བསམ་འཆར་གྲོས་གཞི་བསྡུ་ལེན་བྱས་པ་དང་། མཚོ་སྔོན་གྱི་དགེ་མཚན་དང་ཐོན་ཁུངས་ལེགས་པར་སྤྱོད་པར་དམིགས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་བརྗོད་གཞི་གཙོ་བོའི་ཐད་གྲོས་འདོན་སྲིད་གླེང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་མགོ་འཛིན་མཛད་དེ་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་ད་ལོའི་དཔལ་འབྱོར་བྱ་བའི་གནས་ཚུལ་བརྡ་ཁྱབ་བཏང་ནས། སང་ལོའི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་བསམ་གཞིག་ངོ་སྤྲད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས། 

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་དྲིལ་སྒྲོག་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ཆབ་སྲིད་ལས་འགན་གཙོ་བོ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཏོན་པའི“ཆེ་ཤོས་གསུམ”གྱི་ཚན་རིག་ངེས་གནས་དང་མཚོ་སྔོན་ལ“བདེ་འཇགས་གསུམ”ཞེས་སྔར་ལས་གལ་ཆེ་བའི་གོ་གནས་བསྩལ་པའི་གོ་སྐབས་གསར་པ་དམ་པོར་འཛིན་པ་དང་། ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་དགེ་མཚན་གསར་པར་རྐང་འཛུགས་པ། “མཐོ་ས”སྐྲུན་པ་དང“གནས་བཞི”འཛུགས་སྐྲུན་གྱི་དམིགས་འབེན་གསར་པར་དམིགས་པ་གཏོད་པ། ཐོན་ལས་དང་པོ་ཆེ་མི་ཆེ་དང་། ཐོན་ལས་གཉིས་པ་ནུས་མི་ནུས། ཐོན་ལས་གསུམ་པ་བཟང་མི་བཟང་ལ་དམིགས་ཏེ་ཐོན་ལས་གསུམ་པོའི་མི་འདང་ས་མྱུར་ཏུ་ཁ་སྐོང་བྱེད་པ་དང་གསར་དར་ལས་རིགས་སྟོབས་ལྡན་དུ་སྒྱུར་དགོས། འཇོན་མི་ཚན་རྩལ་ནི་སྒུལ་ཤུགས་ཀྱི་ཁུངས་སུ་བྱེད་པ་དང་། ཐོན་ཁུངས་ནུས་ཁུངས་ལ་མཐའ་མཚམས་འབྲི་བ་དང་འབུད་སྒོ་འཚོལ་ཆེད། སྲིད་དོན་དང་ཁྲིམས་སྐྱོང་། ཁྲོམ་ར། མི་ཆོས་ཁོར་ཡུག་བཅས་མུ་མཐུད་དུ་ལེགས་བཅོས་བྱེད་པ། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་རྩོད་སྒྲུབ་ཀྱིས་ཐག་གཅོད་ལེགས་པོ་བྱེད་པ། སྤྱི་སྙོམས་དྲང་བཞག་གིས་རྒྱུ་ནོར་གསར་སྐྲུན་གྱི་ཁོར་ཡུག་སྐྲུན་པ། ལོ་རྒྱུས་ཀྱི་སྙིང་རུས་དང་དགོས་ངེས་ཀྱི་ངེས་ཤུགས་རྒྱུན་སྲུང་སྒོས་རྨང་གཞི་འཛུགས་པ་དང་རྒྱང་རིང་ལ་ཇུས་བཀོད་འཐེན་པ། ནན་ནན་ཏིག་ཏིག་གིས་མཚོ་སྔོན་གྱི་དོན་དག་ལེགས་པར་བསྒྲུབས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་དགོས། ཞིང་ཆེན་ཏང་ཨུས་སྔོན་དང་མཐུན་པར་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཐུན་ཚོགས། ཏང་ཁག་མེད་པའི་མི་སྣ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་གི་བླང་བྱ་ལྟར་ལས་འགན་གཙང་སྒྲུབ་བྱེད་པར་མཐོང་ཆེན་དང་སེམས་ཁུར། རྒྱབ་སྐྱོར་བཅས་བྱེད་པ་དང་། རང་ཞིང་གི་ཏང་མང་མཉམ་ལས་བྱ་གཞག་དང་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་སྐས་སྟེགས་གསར་པ་ཞིག་ཏུ་འཛེགས་ཏེ། ལག་གདང་སྦྲེལ་ཅིང་སྟོབས་ཤུགས་བསྡུས་ནས་མཚོ་སྔོན་ལ་དགའ་བ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འཇོག་དགོས། 

ཞིན་ཁྲང་ཞིང་གིས་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཐུན་ཚོགས། ཏང་ཁག་མེད་པའི་མི་སྣ་བཅས་ཀྱི་གཏམ་བཤད་ཀྱི་ལངས་གནས་ལ་མཐོ་ཚད་ལྡན་ཏེ། “རྒྱལ་དོན་གྱི་ཆེ་ཕྱོགས”བློ་ཁོག་ཏུ་ཆུད་པ། འགན་ནུས་ཀྱི་ཕན་ནུས་ལེགས་པར་འདོན་པར་རྐང་བཙུགས་ཡོད་པ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བྱེད་པར་ཤུགས་བཏོན། འཇུག་སྒོ་ལ་ཟུར་ཚད་ཡོད་དེ། རྒྱལ་ཡོངས་མ་ཟད་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་སྐྲུན་པ་དང“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ཤིང་། ཆེ་ས་ནས་འཐབ་ཇུས་རིམ་པ་དང་། ཆུང་ས་ནས་ལག་རྩལ་རིམ་པའི་བར་བཅས་སུ་གྲོས་གཞི་ལེགས་པོ་བཏོན། ཞིབ་འཇུག་ལ་ཟབ་ཚད་ལྡན་ཏེ། གཙོ་གནད་ལ་སྔར་བས་དམ་པོར་དམིགས་ཡོད་པ་དང་། དུས་རྒྱུན་གྱི་བརྟག་དཔྱད་ཞིབ་འཇུག་གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མ་ལག་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཡོད། གཏམ་བཤད་ལ་བརྩེ་བས་ཕྱུག་ཡོད་དེ། མཚོ་སྔོན་གྱི་དོན་དག་ལེགས་པོར་སྒྲུབ་པ་ལ་རྐང་བཙུགས་ནས། བརྩེ་བ་ཟབ་མོ་བསྣམས་ཤིང་། མཚོ་སྔོན་ས་གཞི་ཆེན་པོའི་སྟེང་དུ་བྱ་བ་སྒྲུབ་པ་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཕངས་མེད་དུ་ལེགས་སྐྱེས་ཕུལ། སྲིད་གཞུང་གི་བྱ་བ་ནི་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཐུན་ཚོགས། ཏང་ཁག་མེད་པའི་མི་སྣ་བཅས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པས། གྲུབ་འབྲས་བླངས་ཚད་ལས་ཚང་མའི་རྔུལ་ཆུ་དང་བློ་གྲོས་འདུས་ཡོད་ཅིང་། འབྲེལ་ཡོད་སྡེ་ཁག་གིས་གཏམ་བཤད་གྲུབ་འབྲས་གསེད་བཀྲོལ་བེད་སྤྱོད་དང་གཏད་མཐུད་སྒྱུར་བཀོད་ངེས་པ་དོན་གྱིས་ལེགས་པོར་སྒྲུབ་པ། ཚང་མས་ལོ་གསར་པའི་ནང་སྔར་ལས་ལྷག་པར་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་དང་ལྟ་རྟོག་བྱས་ནས། ཐུན་མོང་སྒོས་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབས་དངོས་གཉེར་བྱེད་པའི་རེ་བ་ཆེ་ཞེས་བསྟན། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའ་ཀྲང་མགོན་པོ་བཀྲ་ཤིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཝང་ལི་མིང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་དང་ལིའུ་ཁྲའོ་བཅས་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།