​མཚོ་སྔོན་གཅིག་སྒྲིལ་གྱིས་རི་སྔོ་ཆུ་དྭངས་ཀྱི་རྣམ་པ་གསར་བ་བསྐྲུན་པ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་གཅིག་སྒྲིལ་རྫོང་གི་མཛེས་ཉམས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  གངས་རི་དང་རྩྭ་ཐང་། མཚེའུ་བཅས་ནི་ཡུལ་འདིའི་བརྗོད་བྱ་གཙོ་བོ་ཡིན་ཞིང་། “གནམ་གྱིས་གནང་བའི་སྐྱེ་ཁམས་དཔེ་རིས”ཞེས་མཚན་སྙན་ལྡན་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ནི་སྲོལ་རྒྱུན་གྱི་འབྲོག་ལས་གཉེར་བའི་རྫོང་ཆེན་པོ་ཞིག་ཡིན་པ་དང་། རྩྭ་ཐང་དང་ནོར་ལུག་ནི་འབྲོག་པའི་འཚོ་གནས་ཀྱི་འབྱུང་ཁུངས་དང་རྫོང་ཁོངས་དཔལ་འབྱོར་གྱི་གཞི་རྟེན་ལྟ་བུ་ཡིན།

གཅིག་སྒྲིལ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དེ་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། གཙང་གསུམ་འབྱུང་ཡུལ་གྱི་ལྟེ་གནས་ཁུལ་དུ་ཆགས་ཡོད་ལ་མངའ་ཁོངས་སུ་རྩྭ་ཆུ་འཛོམས་ཤིང་། མཐོ་སྒང་གི་མཚེའུ་དང་འཁྱགས་རོམ་ཡོངས་སུ་ཁྱབ་ཡོད་ལ། གཅིག་སྒྲིལ་རྫོང་ཡོངས་ཀྱི་ས་ཆའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི1313.58དང་། རང་བྱུང་རྩྭ་ར་མུའུ་ཁྲི1081.07། བེད་སྤྱོད་ཆོག་པའི་རྩྭ་ར་མུའུ་ཁྲི997.89། ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི257.27བཅས་ལ་ཟིན་ཡོད།

དུས་རབས་གསར་པའི་ནང་། རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་བར་གྱི་བགྲོད་ལམ་ཇི་ལྟར་གཏོད་རྒྱུ་ཡིན་ལ། གཅིག་སྒྲིལ་རྫོང་གིས་རང་ཉིད་འཕེལ་རྒྱས་གཏོང་བའི་ལན་ཞིག་རྙེད་ཡོད་ལ། ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་སླར་གསོ་བྱ་རྒྱུ་དམིགས་ཚད་དུ་བཟུང་སྟེ། ནགས་ཚལ་དང་རྩྭ་དཔོན་ལམ་ལུགས་དམ་འཛིན་བྱས་པ་དང་། བྱེད་ཐབས་སྣ་མང་སྤྱད་ནས་གཙོ་གནད་སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་རྣམ་གྲངས་དང་རྒྱལ་ཁོངས་སྔོ་འགྱུར་ལས་འགན་གྱི་གྲ་སྒྲིག་དང་སྐུལ་འདེད་ལས་དོན་ཏན་ཏིག་ངང་སྤེལ་ནས། རི་ཆུ་ཀླུང་གསུམ་དང་མཛེས་སྡུག་ལྡན་པའི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུའི་འགན་འཁྲི་རང་འགུལ་གྱིས་འཁུར་ཡོད།

“ས་ནག་ཐང”ནི་མཐོ་སྒང་གི་མཐོ་གྲང་སྤང་ཐང་ལ་དམིགས་བསལ་དུ་ཡོད་པའི་སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་སྣང་ཚུལ་ཞིག་ཡིན་པས། གཅིག་སྒྲིལ་རྫོང་གི་ཕྱུགས་ར་ཡིས་སྲིད་གཞུང་གིས་གཙོ་ཁྲིད་དང་འབྲོག་པ་རང་འགུལ་ངང་ཞུགས་པའི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་གི་སྔོ་འགྱུར་བྱ་འགུལ་དང་ལེན་བྱེད་བཞིན་ཡོད།

མིག་སྔར། གཅིག་སྒྲིལ་རྫོང་གི་ས་ནག་ཐང་ཁྱོན་མུའུ་ཁྲི83.05ཟིན་པའི་ནང་གཟར་ཚད25མན་གྱི་ས་ནག་ཐང་མུའུ6.38ཟིན་པ་དང་། གཟར་ཚད25ཡན་ཟིན་པའི་ས་ནག་ཐང་གི་རྒྱ་ཁྱོན་མུའུ་ཁྲི76.67ཟིན་ཡོད། ཉེ་བའི་ལོ་འགའི་རིང་། གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་གི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་དང་གཙོ་གནད་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་ལ་སྐུལ་འདེད་དང་ལག་བསྟར་བྱས་པ་བརྒྱུད། གཅིག་སྒྲིལ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ལ་ཚོད་འཛིན་ནུས་ལྡན་ཐུབ་ཡོད་མོད། འོན་ཀྱང་གཟར་ཚད25ཡན་ཟིན་པའི་ས་ནག་བཅོས་སྐྱོང་བྱ་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།

འདས་ཟིན་པའི་ལོ2རིང་། གཅིག་སྒྲིལ་རྫོང་གི་རྒྱལ་ཁོངས་སྔོ་འགྱུར་གྱིས་ཁྱོན་མ་དངུལ་སྒོར་ཁྲི2419བཏང་ནས་སྔོ་འགྱུར་རྒྱ་ཁྱོན་མུའུ་ཁྲི8.54ཟིན་པ་དང་། སྡོང་ཕྲུག་རྐང་ཁྲི410.28བཙུགས་པ་ལས་གཞན། མ་དངུལ་སྒོར་ཁྲི8235བཏང་བའི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་སླར་གསོའི་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད། རྩྭ་ཐང་ཞན་འགྱུར་ལེགས་བཅོས་དང་གསབ་འདེབས་མུའུ་ཁྲི34ལེགས་སྒྲུབ་བྱས་པ། མིས་ཐབས་ལ་བརྟེན་ནས་རྩྭ་མུའུ་ཁྲི1བཏབ་པ། ས་ནག་ཐང་མུའུ་ཁྲི11བཅོས་སྐྱོང་བྱས་པ། གནོད་ཡོད་སྐྱེ་དངོས་མུའུ་ཁྲི241.2སྔོན་འགོག་ཚོད་འཛིན་བྱས་པ། བེད་མེད་གཞིས་ཆགས་བྱ་ཡུལ་དང་གཞུང་ལམ་གྱི་གཡས་གཡོན། བྱེ་དོང་སོགས་ཉེ་འཁོར་གྱི་སྔོ་ཁེབས་མུའུ་ཁྲི0.2སླར་གསོ་བྱུང་ཡོད། དེ་དང་ཆབས་ཅིག་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ནགས་ཚལ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་ཆེད། གཅིག་སྒྲིལ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཐོང་ཆེན་བྱས་ཏེ། རྫོང་ནོར་སྲིད་ཀྱི་མ་དངུལ་མི་འདང་བའི་གནས་ཚུལ་འོག བསྡོམས་པས་མ་དངུལ་སྒོར་ཁྲི752བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྔོ་འགྱུར་ལས་དོན་རབ་དང་རིམ་པ་སྤེལ།

སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། རྫོང་ཡོངས་ཀྱི་ནགས་ཚལ་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་དོ་དམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་སྤྱི་ཕན་དོ་དམ་སྲུང་སྐྱོང་གི་ལས་གནས་ལུགས་མཐུན་ངང་བཀོད་སྒྲིག་བྱས་པས། གཅིག་སྒྲིལ་རྫོང་གིས་ནགས་ལས་དང་རྩྭ་ཐང་། བརླན་ས་སོགས་ཀྱི་སྐྱེ་ཁམས་བདག་སྐྱོང་བ་བསྡོམས་པས1495གདན་འདྲེན་ཞུས་ནས། རྩྭ་ཐང་མུའུ་ཁྲི997.89དང་ནགས་ཚལ་ཐོན་ཁུངས་མུའུ་ཁྲི257.27ལ་ནུས་ལྡན་གྱི་དོ་དམ་སྲུང་སྐྱོང་ཐུབ། འབྲོག་པ་མང་ཚོགས་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་པའི་ཁྲོད་ཕན་ཐོགས་ནས། སྔོན་ཆད་ཀྱི་རེ་སྒུག་དང་བབ་ལྟའི་རྣམ་པ་ནས་ད་ལྟའི་རང་འགུལ་ངང་བཅོས་སྐྱོང་ནང་ཞུགས་པའི་འགྱུར་ལྡོག་བྱུང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་འཛུགས་སྐྱོང་བྱ་རྒྱུ་དེ་འབྲོག་པ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ཅིག་ཏུ་གྱུར་ཡོད།

སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་དང་རྒྱལ་ཁོངས་སྔོ་འགྱུར་ལས་འགན་ལག་བསྟར་བྱས་པ་བརྒྱུད། གཅིག་སྒྲིལ་རྫོང་དུ་རྩྭ་ཐང་ཁྱབ་ཚད69.6%ཟིན་པ་དེ་དུས་མཉམ་ལས0.33འཕར་བ་དང་། ནགས་ཚལ་ཁེབས་ཚད20.67%ཟིན་པ་དེ་དུས་མཉམ་ལས0.24%འཕར་སྣོན་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ཁུལ་དུ་སྔོ་འགྱུར་ཁྱབ་ཚད4.14%ཟིན་པ་བཅས་རེད།

“གཅིག་སྒྲིལ་རྫོང་གིས་དུས་དང་རྣམ་པ་ཀུན་དུ་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་གཙོ་བོར་བཞག་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་བརྒྱུད། ལྗང་མདོག་འཕེལ་རྒྱས་ཀྱི་ཡུན་རིང་བཅོས་སྐྱོང་གི་གཅིག་སྒྲིལ་མ་དཔེ་ཞིག་བཏོད་ཡོད། སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་། འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་འགྲོ་ལམ་ནང་བསྐྱོད་དེ་མཛེས་སྡུག་ལྡན་པའི་རི་མོ་གསར་བ་ཞིག་གྲུབ་ཡོད”ཅེས་གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བཀྲ་བཀྲ་ཡིས་བརྗོད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།