རྩེ་ཁོག་རྫོང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཐད་གཉེར་སྤྱི་ཁྱབ་ཚོང་ཁང་ཟི་ལིང་ནས་སྒོ་འབྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྒྱ་མཚོ། རིག་ལྡན་རྒྱ་མཚོ།) ཟླ12པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཐད་གཉེར་སྤྱི་ཁྱབ་ཚོང་ཁང་ཐོག་མ་ཟི་ལིང་གྲོང་ཁྱེར་ཧེ་ཧུའུ་ཁུལ་གསར་ནས་དངོས་སུ་སྒོ་འབྱེད་པ་དང་། དེ་ནི་རྩེ་ཁོག་རྫོང་གིས་ཟི་ལིང་གྲོང་ཁྱེར་དུ་བཙུགས་པའི་ཞིང་ཕྱུགས་ཐོན་རྫས་ཚོང་ཁང་ཐོག་མ་རེད།

WechatIMG1344.jpg

པར་འདི་ནི་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཡས་ཆིན་གྱིས་ཤིས་ཚིག་འབུལ་བཞིན་པའི་ཚུལ་རེད།

རྒྱལ་ཡོངས་ཀྱི་འབྲི་གཡག་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་པའི་ཆ་ནས། རྩེ་ཁོག་རྫོང་གིས་སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་། ལྗང་མདོག་ནུས་ཆེ། སྤུས་ཚད་ལེགས་བསྒྱུར་བཅས་མཐའ་འཁྱོངས་བྱེད་པའི་དུས་མཚུངས་སུ། གླིང་ཁུལ་དང་ཁེ་ལས། མཉམ་ལས་ཁང་། འབྲོག་པའི་དུད་ཁྱིམ་སོགས་ཟུང་དུ་འབྲེལ་བའི་ཐོན་ལས་ཅན་གྱི་ཚོང་གཉེར་བྱེད་སྟངས་དར་སྤེལ་བྱས་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འབྲེལ་གཏིང་ཟབ་ཐུབ་པའི་ཐོན་ལས་ཀྱི་རྣམ་པ་ཞིག་ཏུ་གྱུར་ཏེ། དེང་རབས་ཅན་གྱི་རྒྱལ་ཁབ་ཞིང་ལས་ཐོན་ལས་གླིང་གསར་སྐྲུན་བྱེད་པར་ཆོག་མཆན་ཐོབ། ད་ལོའི་ཟླ11པར་རྩེ་ཁོག་རྫོང་རྒྱལ་ཡོངས་ཀྱི་འབྲི་གཡག་ཐོན་ལས་དྲ་སྦྲེལ་ཧྲིལ་བོའི་དཔེ་མཚོན་རྫོང་དུ་བདམས་པ་དང་། “རྩེ་ཁོག་ལུག”ནི་རྒྱལ་ཁབ་ཀྱི་ཕུལ་བྱུང་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་སྣ་ཁ་བཅུའི་ནང་དུ་ཚུད་ཡོད་པ་རེད།

11111.jpg

པར་འདི་ནི་རྩེ་ཁོག་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཉི་མ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པའི་ཚུལ་རེད། 

རྒྱུས་ལོན་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་ས་གནས་ཀྱི་མཚོན་རྟགས་ཐོན་རྫས18དང་སྐྱེ་ལྡན་ཐོན་རྫས43། ལྗང་མདོག་ཟས་རིགས་ཐོན་རྫས5བཅས་གསོ་སྤེལ་བྱས་ཡོད་པས། ཁུལ་ཡོངས་ཀྱི་གནོད་མེད་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལས་སྣོན་དང་ཕྱིར་གཏོང་བྱེད་སར་རྨང་གཞི་བརྟན་པོ་བཏིང་། མིག་སྔར་སྤུས་ཚད་བཟང་པའི་རྩེ་ཁོག་ལུག་ལས་གཞན།  ད་དུང་འབྲི་གཡག་དང་ཆུ་གྲང་མོའི་ཉ་རྒྱུད། སྐྱེ་ལྡན་སྐམ་ཤ་དང་ལུག་ཤ། མར་དང་ཞོ་སོགས་ལེགས་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཁུངས་ཡོད་པ་རེད།

9999.jpg

པར་འདི་ནི་ཐོབ་ཐང་དཔང་ཡིག་གནང་བཞིན་པའི་ཚུལ་རེད།

གསར་འགོད་པས་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱིས“སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་ཞིང་ཕྱུགས”ཀྱི་འཕེལ་རྒྱས་བགྲོད་ལམ་སྟེང་བསྙེག་པར་མཐའ་འཁྱོངས་བྱས་ཏེ། ལྗང་མདོག་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པ་དང་། འབྲི་གཡག་དང་ནས། བོད་ལུག པད་ཁ། ཆུ་གྲང་མོའི་ཉ་རྒྱུད་དང་འདྲེ་ཚེར་མ་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་གཙོར་བྱས་ཏེ། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི40གསོ་སྐྱོང་བྱས་པ་དང་། མཉམ་འབྲེལ་སྒྲིག་གཞི་ནང་ཞུགས་པའི་ཚོང་གཉེར་གསར་བ་སྣ་ཁ475ཟིན་པ་དང་། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་གྱི་མདུན་ལྗོངས་སྔར་ལས་ཡངས་ཤིང་། རོང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། 

55555.jpg

པར་འདི་ནི་ཐོན་རྫས་ཁ་ཤས་རེད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།