མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན།   རྒྱལ་ཡོངས་ཀྱི་ཞིང་བ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་དང་ཞིང་བ་ཞོར་ལས་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་རྗེས།   ཞིང་ཆེན་སྲིད་གཞུང་གིས་དེ་མ་ཐག་ཞིང་ཆེན་ཡོངས་ཀྱི་གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་ཏེ།  མིག་སྔའི་གནས་བབ་ལ་ཞིབ་འཇུག་དང་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།   ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

དབྱང་ཀྲི་ཝུན་གྱིས་བསྟན་དོན།  ཞིང་བ་ཞོར་ལས་པའི་གླ་ཕོགས་དུས་ཐོག་དང་འདང་ངེས་ཤིག་སྟེར་རྒྱུ་ནི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ལས་འགན་ཡིན་པ་དང་།        ཞིང་བ་ཞོར་ལས་པའི་ཁྱིམ་ཚང་གི་གཞི་རྩའི་དམངས་ཚིས་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་འབྲེལ་བ་ཡོད།     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་བ་ཞོར་ལས་པའི་གླ་ཕོགས་སྟེར་རྒྱུར་འགན་སྲུང་བྱེད་པའི་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་རང་འགུལ་གྱིས་བྱེད་ཐབས་སྤྱོད་པ་དང་བྱ་བ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱས་ཏེ་རྒྱ་ཆེའི་ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཟང་པོ་བྱེད་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན།     ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མྱུར་དུ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱེད་དགོས་པ་དང་། ཞིང་བ་ཞོར་ལས་པའི་བྱ་བའི་བླང་བྱ་གསར་པར་རྒྱུས་ལོན་ཡང་དག་བྱེད་པ།    གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་བྲེལ་མྱུར་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་སྟོབས་ཤུགས་ཡོད་རྒུས་བྱ་བ་སོ་སོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།     ལས་འགན་གཙོ་བོ་གཅིག་བསྡུས་ཀྱིས་བཅོས་སྐྱོང་དམ་འཛིན་བྱེད་དགོས་པ་དང་།   གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱེད་པའི་དགུན་དུས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བ།    བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་དང་གླ་ཕོགས་ཆད་ལྷག་གནད་དོན་མང་དུ་འབྱུང་བཞིན་པའི་ཁེ་ལས་ལས་རིགས་གཙོར་བྱས་ཏེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཆེད་དོན་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱ་བ་སྤེལ་དགོས་པ་དང་།    ཁྲིམས་དང་སྒྲིག་སྲོལ་ལྟར་དུས་ཐོག་ཏུ་གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་ཐག་གཅོད་བྱས་ཏེ་ཞིང་བ་ཞོར་ལས་པས་དུས་ཐོག་ཏུ་གླ་ཕོགས་ལེན་ཐུབ་པར་འགན་སྲུང་བྱེད་དགོས།  རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།   འགན་འཁྲི་དོན་འཁྱོལ་ཇེ་དྲག་ཏུ་གཏོང་བ།    མཉམ་འཛིན་སྤྱི་སྒྲུབ་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་རྣམ་པ་གྲུབ་པར་བྱས་ཏེ་གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་ད་རུང་རང་ཞིང་གི་གླ་ཕོགས་འགོར་འགྱངས་ཆད་ལྷག་གནད་དོན་རྩ་བ་ནས་བཅོས་སྐྱོང་བྱ་བའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་རྟགས་དང་དཔང་ཡིག་བྱིན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།