སློབ་གོས་ལ་སྤྱི་དམངས་ཀྱི་འདོད་བློ་ཚིམ་ཚད་མི་འདང་བ།

སློབ་གསོ་པུའུ་ཡིས་སློབ་གོས་ཀྱི་རིན་གོང་མཐོ་བ་དང་བཟོ་དབྱིབས་མང་དྲགས་པའི་གནད་དོན་ཐག་གཅོད་བྱེད་རྒྱུ་རེད།

ཁྱིམ་བདག་དང་སློབ་མ་དེའི་ནང་དུ་ཞུགས་ཚད་མི་འདང་བ།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྲིད་གྲོས་ཨུ་ཡོན་ཚོས་དེང་སྐབས་རང་རྒྱལ་གྱི་སློབ་གོས་ཚོང་རར“ཆས་རྟགས་གཅིག་སྡུད་བྱེད་ཚད་དམའ་བ་དང་ས་གནས་ཀྱིས་སྒེར་སྡེམ་བྱེད་པ། དཔལ་འབྱོར་དང་འབྲེལ་བ་ཡོད་པ། སྤུས་ཚད་དོ་མཉམ་མིན་པ། ལྟ་སྐུལ་དོ་དམ་བྱེད་དཀའ་བ། ཐོན་སྐྱེད་མ་རྩ་རྒྱུན་མཐུད་ངང་འཕར་བ། མཛོད་ཉར་གསོག་འཇོག་གི་ཉེན་ཁ་ཆེ་བ”སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ་གསལ་པོར་བཤད།

སྲིད་གྲོས་ཨུ་ཡོན་ཚོས་གྲོས་གཞི་བཏོན་པ་སྟེ།“ལྟ་སྐུལ་དོ་དམ་ནུས་ལྡན་འོག་གི་སློབ་གོས་ཚོང་རར”སྐུལ་འདེད་ཧུར་ཐག་བཏང་སྟེ། སློབ་གོས་ཁྲོམ་ར་འཛུགས་པ་དང་དེ་བཞིན་འཐུས་སྒོ་ཚང་བའི་ལྟ་སྐུལ་དོ་དམ་ལམ་ལུགས་དང་བདེ་འཇགས་སྟེགས་བུ་འཛུགས་དགོས་ལ། སློབ་གོས་ལས་རིགས་ལ་ཚན་རིག་དང་མཐུན་པའི་དོ་དམ་རྒྱུན་འཁྱོངས་བྱས་ཏེ།སློབ་གོས་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཚོང་རའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།“རིན་གོང་མཐོ་ཤོས”དང“ས་གནས་སུ་བཟོ་གྲྭ་འཛུགས་པ”སོགས་ཀྱི་ལུགས་དང་མི་མཐུན་པའི་གཏན་འབེབས་རིགས་མེད་པར་བཟོས་ནས། སློབ་གོས་ས་ཁོངས་སོ་སོ་རུ་རང་མོས་ངང་ཉོ་ཚོང་བྱེད་དུ་འཇུག་པ་དང་། དྲང་གཞག་ངང་ལྟ་སྐུལ་དོ་དམ་བྱས་ནས་ལེགས་རྒྱལ་ཞན་ཕམ་ཡོང་བར་སྐུལ་འདེད་གཏོང་དགོས།

གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར་རྒྱལ་ནང་གི་སློབ་གོས་ཉོ་སྒྲུབ་ནང་རྐྱེན་ཐད་སྲིད་གཞུང་གི་ཁྱབ་ཁོངས་དང་། སློབ་གྲྭའི་ཉོ་སྒྲུབ། ཁྱིམ་ཚང་ཨུ་ཡོན་ལྷན་ཁང་གི་ཉོ་སྒྲུབ། ནོར་སྲིད་ཉོ་སྒྲུབ་དང་སིལ་ཚོང་ཁྲོམ་ར་ཅན་གྱི་རྣམ་པ་བཅས་རིགས་ལྔ་ཡོད་པ་དང་། མ་དཔེ་སོ་སོར་དགེ་སྐྱོན་ཡོད་མོད། འོན་ཀྱང་ཐུན་མོང་གི་ཆ་ནི་ཁྱིམ་བདག་དང་སློབ་མ་དེའི་ནང་དུ་ཞུགས་ཚད་མི་འདང་བ་དེ་རེད།

སློབ་གོས་ཉོ་བར་འབྲེལ་ཡོད་ཚད་གཞི་དང་མཐུན་དགོས།

སློབ་གསོ་པུའུ་ཡིས་བསྟན་དོན། སློབ་གོས་ནི་སློབ་གྲྭའི་རིག་གནས་སྐྱེད་སྲིང་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་དང་། ཚོགས་པའི་འདུ་ཤེས་སྐྱེད་སྲིང་དང་འདྲ་མཉམ་གྱི་སྙིང་སྟོབས་བརྒྱུད་སྤེལ་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པས། མི་གསོ་སྐྱོང་བྱེད་པའི་རིན་ཐང་དང་མཛེས་དཔྱོད་ཀྱི་ནུས་པ་གལ་ཆེན་ལྡན། སློབ་གོས་ཀྱི་སྤུས་ཚད་དེ་སློབ་མ་བདེ་ཐང་ངང་འཚར་ལོངས་འབྱུང་བར་འབྲེལ་བ་ཡོད་པས་སློབ་གསོ་པུའུ་དང་རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་གྱིས་སློབ་གོས་ཀྱི་སྤུས་ཚད་དང་སློབ་གོས་དོ་དམ་ལ་མཐོང་ཆེན་བྱས་ནས་ལས་དོན་རབ་དང་རིམ་པ་སྤེལ་ཡོད་པ་རེད།

སློབ་གསོ་པུའུ་ཡི《བསམ་འཆར》ནང་གཙོ་གནད་འདི་དག་ཡོད་དེ།

དང་པོ། སློབ་གོས་ཉོ་མཁན་སྡེ་ཁག་གིས་སློབ་གོས་ཉོ་སྐབས་འབྲེལ་ཡོད་ཀྱི་ཚད་གཞི་དང་མཐུན་དགོས་པར་མ་ཟད། གན་རྒྱའི་ནང་སློབ་གོས་བཟོ་བའི་ཚད་གཞི་གསལ་པོར་འགོད་དགོས། དོན་དངོས་ཐོག་དེ་ནི་སློབ་གྲྭས་དོ་སྣང་བྱེད་དགོས་པ་ཞིག་རེད།

གཉིས་པ། སློབ་གོས་མཁོ་འདོན་དང་ཞིབ་བཤེར་རྩིས་ལེན་བྱེད་སྐབས“གསལ་འགོད་ཤོག་བྱང”གི་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་། ཉོ་སྒྲུབ་སྡེ་ཁག་གིས་ཉོས་པའི་སློབ་གོས་ལ་ཚང་དགོས་པའི་གྱོན་གོས་ཚད་ལྡན་གྱི་མཚོན་རྟགས་ཡོད་དགོས་པར་མ་ཟད། ཁྲིམས་བཀོད་ཞིབ་བཤེར་ལས་ཁུངས་ཀྱིས་སྤྲད་པའི་ཐེངས་དེའི་གྱོན་གོས་ཀྱི་སྤུས་ཚད་ཞིབ་བཤེར་ཚད་མཐུན་གྱི་སྙན་ཞུ་ཡོད་དགོས། དེ་ནི་སློབ་གོས་བཟོ་གྲྭ་དང་ས་གནས་ཁ་ཤས་ཀྱི་སློབ་གསོའི་གཙོ་གཉེར་སྡེ་ཁག་གིས་དོ་སྣང་བྱེད་དགོས་པ་ཞིག་ཡིན་པས། སྤྱིའི་ཆ་ནས“སུས་མཁོ་སྤྲོད་བྱས་ན་དེས་འགན་འཁུར་བའི”རྩ་དོན་ཞིག་ཡིན་དགོས།

དེ་མིན་ད་དུང་དོན་ཚན་གཉིས་ལ་སློབ་གྲྭས་དོ་སྣང་བྱེད་དགོས་ཏེ། གཅིག་ནི་སློབ་གོས་འདེམས་སྤྱོད་ཐད་ནས་སློབ་གྲྭས་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱེད་དགོས་པར་མ་ཟད། ཁྱིམ་བདག་ཨུ་ཡོན་ལྷན་ཁང་དང་འབྲེལ་གཏུག་གང་ལེགས་བྱས་ནས་སློབ་མས་རང་མོས་ངང་སློབ་གོས་ཉོ་བར་འགན་ལེན་བྱེད་པ་དང་། གཉིས་ནི་སློབ་གོས་འདེམས་སྐབས་ལྟོས་བཅས་ཀྱིས་བརྟན་པོ་ཡོང་བ་བྱས་ནས་ཁྱིམ་བདག་གི་འགྲོ་སྒོ་ཇེ་ཉུང་དུ་གཏོང་དགོས།

ཉོ་སྒྲུབ་གོ་རིམ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་དགོས།

རྗེས་མར་སློབ་གསོ་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་གོས་དོ་དམ་ཐད་སྔར་བས་ཤུགས་སྣོན་རྒྱག་རྒྱུ་སྟེ།

སློབ་གྲྭ་འབྲིང་ཆུང་གི་སློབ་གོས་འདེམས་ཉོ་བྱེད་པའི་བྱ་བ་ཚད་ལྡན་དུ་བཏང་ནས་སློབ་གོས་འདེམས་ཉོ་བྱེད་པའི་བརྒྱུད་རིམ་ཁྲོད་བཙན་ཤེད་ཀྱིས་ཉོ་སྒྲུབ་བྱེད་པ་དང་། རིན་གོང་མཐོ་དྲགས་པ། བཟོ་དབྱིབས་མང་དྲགས་པ། འགྱུར་ལྡོག་ཡང་ཡང་གཏོང་བ། ཉོ་སྒྲུབ་གོ་རིམ་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།

སློབ་གོས་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། བྱིས་པ་དང་སློབ་མའི་མཁོ་ཆས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་སྤྱོད་མུ་མཐུད་དུ་སྤེལ་བ་དང་།ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་རིམ་བཤེར་བྱེད་པར་སྐུལ་འདེད་གཏོང་བ། ཁེ་ལས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཏན་ཏིག་བྱེད་པ།བྱེད་ཐབས་སྣ་མང་སྤྱད་དེ་སྤུས་ཚད་དང་ལག་རྩལ་ལ་རོགས་སྐྱོར་བཅས་བྱེད་དགོས།

སྤྱི་ཚོགས་ཀྱི་དྲིལ་སྒྲོག་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། ཁྱིམ་བདག་དང་སྤྱི་ཚོགས་ཀྱི་སྤྱི་དམངས། གསར་འགྱུར་སྨྱན་བྱད་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཛད་སྤྱོད་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དྲིལ་སྒྲོག་བྱ་བ་གཏིང་ཟབ་ཏུ་སྤེལ་བ།ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་པ་བཅས་བྱས་ཏེ། སློབ་གོས་ཆ་འཕྲིན་ལ་དོ་དམ་ཞབས་ཞུ་བྱེད་པའི་ཡུན་ཕན་ནང་རྐྱེན་འཚོལ་ཞིབ་ཀྱིས་འཛུགས་དགོས།

རྒྱལ་ནང་གི་སློབ་གོས་ལ་སྤྱི་དམངས་ཡིད་ཚིམ་ཚད30%ལས་དམའ་བ།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། རང་རྒྱལ་སློབ་གྲྭ་ཆུང་འབྲིང་གི་སློབ་གྲྭར་ཡོད་པའི་སློབ་མའི་གྲངས་འབོར་དེ2017ལོའི་དུང་ཕྱུར1.85ནས2020ལོའི་དུང་ཕྱུར1.97ལ་འཕར་བ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མའི་གྲངས་འབོར་དེ2017ལོའི་དུང་ཕྱུར2.70ནས2020ལོའི་དུང་ཕྱུར2.89ལ་འཕར་ཏེ། སློབ་གྲྭར་ཡོད་པའི་སློབ་མའི་གྲངས་འབོར་ལོ་རེ་བཞིན་མང་དུ་སོང་ཡོད། 2020ལོའི་ཟླ5པར་ཀྲུང་གོ་གྱོན་ཆས་མཐུན་ཚོགས་ཀྲུང་གོ་སློབ་གོས་ཐོན་ལས་ཞིབ་འཇུག་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་སློབ་གོས་ཐོན་ལས་ཀྱི་རྒྱབ་ཤ་དཀར་པོའི་དེབ》ལས་མངོན་པ་ལྟར་ན། ཀྲུང་གོའི་སློབ་གོས་ཐོན་ལས་ཀྱི་ཚོང་རའི་དགོས་མཁོ་སྒོར་དུང་ཕྱུར1130ནས་སྒོར་དུང་ཕྱུར1250ལ་འཕར་བ་རེད།

སློབ་གོས་གྱོན་པ་ནི་སློབ་མར་ཐུན་མོང་གི་འདུ་ཤེས་སྐྱེད་སྲིང་བྱེད་པར་ཕན་ཞིང་། སློབ་མ་ཕན་ཚུན་བསྡུར་རེས་ཀྱི་སེམས་ཁམས་ཆུང་དུ་གཏོང་ཐུབ་པས། ཁྱིམ་བདག་དང་སློབ་གྲྭས་དེའི་ཕྱོགས་ལ་མཉམ་དུ་ཤུགས་འདོན་དགོས། ཡིན་ཡང་སློབ་གོས་ཚོང་ར་དང་ནུས་པར་མི་འཚམ་པ་ནི་སློབ་གོས་ཉོ་སྒྲུབ་དང་སྤུས་ཚད་སོགས་ཀྱི་གནད་དོན་ལན་རེར་ཐོན་གྱིན་ཡོད་པ་དེ་རེད།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ལོ་གཉིས་སྔོན་ལ་རྒྱལ་ཡོངས་སྲིད་གྲོས་ལ《སྤུས་ལེགས་མཁོ་སྤྲོད་བྱེད་པར་སྐུལ་འདེད་བཏང་ནས་སྤུས་ཚད་ཞན་པའི་སློབ་གོས་གཏན་འགོག་བྱེད་པའི་སྐོར་གྱི་གྲོས་གཞི》བཏོན་པའི་ནང་གཞི་གྲངས་གཞི་ཁག་གཉིས་ལ་དོ་ཁུར་བྱེད་རིན་ཡོད་པ་སྟེ། གཅིག་ནི་རྒྱལ་ཡོངས་སུ་སློབ་གྲྭ་འབྲིང་ཆུང་ཁྲི25ཙམ་ཡོད་པ་དང་སློབ་གོས་ལྟ་སྐུལ་ཟུར་བཤེར་སོགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཚད1%ལས་ཟིན་མེད་པས། འབྲེལ་ཡོད་བརྟག་དཔྱད་ལས་མངོན་པ་ལྟར་ན། རྒྱལ་ནང་གི་སློབ་གོས་ལ་སྤྱི་དམངས་ཀྱི་ཡིད་ཚིམ་ཚད30%ལས་དམའ་བ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།