མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་བྱིས་པར་བདེ་ཐང་སླར་གསོ་བྱེད་པའི་སྨན་བཅོས་མི་སྣའི་གསོ་སྦྱོང་འཛོན་གྲྭའི་སློབ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་དང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གྱི་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྨན་བཅོས་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་སློབ་མགོ་བརྩམས་པ་དང་། བྱིས་པའི་ཕན་བདེའི་སྒྲིག་གཞི་སོགས་ཀྱི་ལས་ཁུངས99ཡི་སློབ་མ་གསོ་སྦྱོང་འཛིན་གྲྭར་ཞུགས། 

ཐེའི་འདིའི་གསོ་སྦྱོང་ལ་ཉིན5ཡོད་པ་དང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་གི་ཆེད་མཁས་པས་འཆད་ཁྲིད་བྱེད་པའི་འགན་ཁུར་ཡོད། གསོ་སྦྱོང་གི་ནང་དོན་ནི་སྲིད་ཇུས་སྒྲོག་འདོན་སོོགས་ཀྱི་ཤེས་བྱ་ཆེད་མཁས་པས་སྒྲོག་འགྲེལ་དང་ལག་ལེན་སློབ་ཁྲིད་སློབ་སྦྱོང་བྱེད་པ་སོགས་ཀྱི་སྐོར་ཡོད་ལ། གསོན་ཉམས་ལྡན་པའི་སློབ་ཁྲིད་ཀྱིས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་རྣམས་ལ་བློ་སྐྱེད་མང་དུ་ཐོབ་ཡོད་པས། ཚང་མས་མ་གྲོས་གཅིག་མཐུན་གྱིས་ངེས་པར་དུ་བསླབ་ཟིན་པའི་ཤེས་བྱ་ལག་ལེན་ཁྲོད་བཀོལ་སྤྱོད་བཟང་པོ་བྱེད་པ་དང་། ཧུར་བརྩོན་གྱིས་རང་སྟེང་གི་ཆེད་ལས་ནུས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ད་དུང་ཚད་གཞི་མཐོ་རུ་གཏོང་བ། ད་དུང་གསར་གཏོད་བྱེད་པ་བཅས་བྱས་ནས་དབང་པོ་སྐྱོན་ཅན་བྱིས་པར་སྔར་ལས་ལྷག་པར་ཞབས་ཞུ་བཟང་པོ་བྱེད་རྒྱུ་ཡིན་པར་བཤད། 

རྒྱུས་ལོན་པ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སྐབས་དབང་པོ་སྐྱོན་ཅན་བདེ་ཐང་སླར་གསོའི་བྱ་བའི་རྣམ་གྲངས་སོ་སོ་འགན་འཁུར་གྱི་ཁ་ཕྱོགས་སུ་བཟུང་སྟེ། ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནན་ཏན་གྱིས་རིམ་པ་གཉིས་པའི་གསོ་སྦྱོང་ལ་སྐུལ་འདེད་བཏང་ནས། “མི་གཅིག་ལ་གསོ་སྦྱོང་བྱས་ནས། མི་སྐོར་གཅིག་གི་སྣེ་ཁྲིད་པ་དང་། ཕྱོགས་གཅིག་ལ་བདེ་སྐྱིད་སྐྲུན”ཐུབ་པ་བྱས་ནས། རིམ་པ་བཞིན་བདེ་ཐང་སླར་གསོའི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་ལ་སྐུལ་འདེད་བཏང་བ་མ་ཟད། སློབ་སྦྱོང་གི་གྲུབ་འབྲས་ཁྱབ་གདལ་དང་འགྱུར་ལྡོག་གཏོང་བ་གཙོ་བོར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་སྨན་བཅོས་མི་སྣའི་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་མཐོ་རུ་གཏོང་བ་མངོན་འགྱུར་བྱས་ཤིང་། དབང་པོ་སྐྱོན་ཅན་བྱིས་པའི་བདེ་ཐང་སླར་གསོའི་ཞབས་ཞུའི་སྤུས་ཚད་དངོས་གནས་མཐོར་འདེགས་སུ་བཏང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།