དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་ཀྱིས་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། མཚོ་སྔོན་གྱི་མི་རིགས་བྱ་བར་ཐོབ་པའི་གྲུབ་འབྲས་སྤྱི་སྡོམ་བྱས་ཤིང་། མདུན་དུ་ལྷག་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ། རྗེས་ཕྱོགས་ཀྱི་དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་ལེགས་པོར་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན། གྲོས་ཚོགས་ལ་ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། མཛུབ་སྟོན་རང་བཞིན་ཤིན་ཏུ་དྲག་པོ་ལྡན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་མི་རིགས་བྱ་བ་ལེགས་པོར་སྒྲུབ་པའི་དོན་སྙིང་གལ་ཆེན་ལ་གཏིང་ཟབ་ཀྱིས་ངོས་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དེ་ལམ་ཐིག་གཙོ་བོར་འཛིན་པ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བར་ཧུར་ཐག་གིས་རྣམ་པ་གསར་པ་ཞིག་བཏོད་དགོས།

མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་དང་ཆོས་ལུགས་སྣ་མང་མཉམ་གནས། རིག་གནས་སྣ་ཚོགས་མཉམ་འདྲེས་བཅས་བྱེད་པའི་ཞིང་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ཀྱི་མི་རིགས་རང་སྐྱོང་ས་ཁུལ་གྱི་ས་གནས་རྒྱ་ཁྱོན་ཆེས་ཆེ་བ་དང་གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཟིན་ཚད་ཆེས་མཐོ་བའི་ཞིང་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ལག་ལེན་དངོས་འབེབས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དེ་ལམ་ཐིག་གཙོ་བོར་འཛིན་པ། ཏང་གིས་མི་རིགས་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་མི་རིགས་སོ་སོ་མཉམ་གཅིག་ཏུ་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་བྱེད་པ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ། གསར་སྐྲུན་བྱ་བ་མི་ཚུལ་ཅན་དང་དངོས་གཟུགས་ཅན། མང་ཚོགས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པའི་གོ་རིམ་ཁྲོད། རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་ངོས་ཟིན་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་བསྐྱོད་དེ། དུས་རབས་གསར་པའི་མི་རིགས་བྱ་བའི“མཚོ་སྔོན་དཔེ་དབྱིབས”གསར་སྐྲུན་བྱེད་དགོས།

མཚོ་སྔོན་དུ་མི་རིགས་བྱ་བར་མ་བརྩོན་ཚེ། ཁྱོན་ཡོངས་ཇུས་འདོན་བྱེད་ཐབས་བྲལ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལོ་རྒྱུས་ཕྱོགས་གནས་ཁོང་དུ་ཆུད་པ། “ལྡོག་མེད་བླང་བྱ”བཞི་ངོས་འཛིན་ཟབ་མོ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ལམ་ཐིག་གཙོ་བོར་དམིགས་པ། ཐུན་མོང་རང་བཞིན་དང་ཧེ་བག་རང་བཞིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་དང་མི་རིགས་སོ་སོའི་འདུ་ཤེས། ཀྲུང་ཧྭའི་རིག་གནས་དང་མི་རིགས་སོ་སོའི་རིག་གནས། དངོས་པོ་དང་བསམ་པ་བཅས་རིགས་བཞིའི་འབྲེལ་བ་ཡང་དག་སྒོས་ཁོང་དུ་ཆུད་པ་དང་། དུས་བསྟུན་ལྷན་སྐྱོད་ཀྱིས་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ། ཏང་གི་ཁྱོན་ཡོངས་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། མི་རིགས་སོ་སོ་མཉམ་དུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བྱེད་དགོས།

མི་རིགས་བྱ་བ་ནི་མཚོ་སྔོན་བྱ་བའི་རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན་ཡིན་པས། དུས་རབས་གསར་པའི་མི་རིགས་བྱ་བ་ལེགས་པོར་བསྒྲུབ་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་འགྲིལ་ཡོང་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་མི་རིགས་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་ཐོག་མཐའ་བར་གསུམ་དུ་ཡིད་ལ་དམ་པོར་འཛིན་པ། གྲོང་ཁྱེར་དང་ཁུལ་སོ་སོའི་མི་རིགས་བྱ་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་སྲ་བརྟན་དང་རྒྱ་བསྐྱེད་བཏང་སྟེ། དུས་རབས་གསར་པའི་མི་རིགས་བྱ་བ་འཕེལ་རྒྱས་གཏིང་ཟབ་དུ་གཏོང་བར་སྐུལ་འདེད་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་དམ་སྦྲེལ་བྱེད་པ་དང་། ཏང་གིས་མི་རིགས་བྱ་བར་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་མངའ་བའི་བསམ་པའི་གཞིས་ཁྱིམ་ལ་འཛུགས་སྐྲུན་བྱས་ནས་ཐུན་མོང་ཕྱུག་འགྱུར་ལ་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་བྱེད་པ། ལམ་ཐིག་གཙོ་བོ་དང་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་དགོས།

མཚོ་སྔོན་ལ་མཚོན་ན་མི་རིགས་བྱ་བ་ནི་གཞི་རྩའི་ཞིང་ཆེན་གནས་ཚུལ་ཡིན་ལ་བྱ་བ་འགངས་ཆེན་ཞིག་ཀྱང་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་པར་རྒྱུན་མཐུད་ནས་ཤུགས་སྣོན་དགོས། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཀྱི་ཆོས་ལུགས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས། 《མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱེད་པའི་སྲོལ་ཡིག》གཏིང་ཟབ་སྒོས་ལག་ལེན་དངོས་འབེབས་བྱེད་པ་དང་། གསར་སྐྲུན་བྱ་བའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ། སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཡུལ་ས་གཙོ་བོར་བརྩི་བ། ཞིང་ཆེན་དང་པུའུ་མཉམ་སྐྲུན་བྱེད་པར་ཤུགས་བསྣན་ཏེ། འགུལ་རྣམ་དོ་དམ་ཇེ་དྲག་ཏུ་གཏོང་དགོས། ཁྲིམས་ལྟར་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ནས། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་བྱེད་པ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱེད་པ་དེ་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བྱེད་པའི་དམངས་སེམས་བཟོ་འགོད་ཅིག་ཏུ་བསྐྲུན་ཏེ། གསར་སྐྲུན་བྱ་བའི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་འཕར་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས།

འཆམ་མཐུན་བྱུང་ན་དོན་ཀུན་འགྲུབ། མཐུན་སྒྲིལ་ཡོང་ན་སྟོབས་ཤུགས་འབྱུང་། མཚོ་སྔོན་གྱི་མི་རིགས་བྱ་བའི་འཕེལ་རིམ་ལ་ཕྱིར་བལྟ་བྱེད་པ་དང་། མི་རིགས་སོ་སོ་སྤུན་ཟླ་བཞིན་འདང་བརྩེ་ཟབ་པ་དང་ཕན་ཚུན་སོ་སྲུང་རོགས་རེས་བྱེད་པ། སེའུ་འབྲུའི་ཚི་གུ་བཞིན་དུ་ཕན་ཚུན་དམ་པོར་སྦྲེལ་ཡོད་པས། ད་གཟོད་ཆོས་ལུགས་ཞི་མཐུན་དང་མི་རིགས་མཛའ་མཐུན། སྤྱི་ཚོགས་འཆམ་མཐུན་གྱི་རྣམ་པ་ལེགས་པོ་ཆགས་པ་རེད། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། སེམས་ཤུགས་གོང་བུར་བསྒྲིལ་བ་དང་རྡོག་རྩ་གཅིག་སྒྲིལ་བྱེད་པ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཧུར་ཐག་གིས་སྐུལ་འདེད་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བཞེངས་བྱས་ཏེ། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།