ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གནམ་དཔྱད་སྟེགས་བུ་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་བཅས་ཀྱིས་མཉམ་སྐྲུན་བྱས་པའི“མཚོ་སྔོན་ལིན་ཧུའུ་གནམ་དཔྱད་རྟེན་གཞི”མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་ཅིང་། འདིས་མཚོ་སྔོན་ལིན་ཧུའུ་རྒྱལ་སྤྱིའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་འཛུགས་སྐྲུན་མགོ་བརྩམས་པ་མཚོན། ཀྲུང་གོའི་ཚན་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་གཞོན་པ་ཀྲང་ཐའོ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
ཀྲང་ཐའོ་ཡིས་བསྟན་དོན། མཚོ་སྔོན་ལིན་ཧུའུ་གསེར་ཐང་སྟེགས་བུའི་ས་ཚིགས་གཏན་འཁེལ་བྱས་པ་དེས་དུས་ཡུན་རིང་བོར་རང་རྒྱལ་འོད་རིག་པའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་བ་དང་། རང་རྒྱལ་འོད་རིག་གནམ་དཔྱད་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་ཞིག་གསར་སྐྲུན་བྱས་པ་མ་ཟད། རྒྱལ་སྤྱིའི་འོད་རིག་གནམ་དཔྱད་འཕེལ་རྒྱས་ཐད་འཐབ་ཇུས་ཐོན་ཁུངས་རྩ་ཆེན་མཁོ་འདོན་བྱས། མཉམ་སྐྲུན་བྱས་པའི“མཚོ་སྔོན་ལིན་ཧུའུ་གནམ་དཔྱད་རྟེན་གཞི”འཐབ་ཇུས་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་པ་དེ་ནི། ལིན་ཧུའུ་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་བྱེད་སྟངས་ཤིག་ཡིན་པ་མ་ཟད། ཀྲུང་གོའི་ཚན་རིག་གླིང་དང་མཚོ་སྔོན་ཞིང་ཆེན་ཚན་རྩལ་མཉམ་ལས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་ལ། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་མཁོ་འདོན་བྱས་པ་དང་། རང་རྒྱལ་གནམ་དཔྱད་རིག་པ་དང་རྒྱུ་སྐར་ཚན་རིག་འཕེལ་རྒྱས་ཐད་གནད་འགག་གི་གཞོགས་འདེགས་མཁོ་འདོན་བྱས།
ཀྲང་ལིས་བསྟན་དོན། ད་ལྟའི་བར་དུ་རིགས་མི་འདྲ་བའི་གནམ་དཔྱད་རྒྱང་མཐོང་ལས་གཞི9མཚོ་སྔོན་ལིན་ཧུའུ་རུ་རྐང་ཚུགས་ཡོད། མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་རྟེན་གཞི་འཛུགས་སྐྲུན་བྱ་བ་ལེགས་པོར་སྒྲུབ་ནས། རྒྱལ་ཁབ་གནམ་དཔྱད་ཚན་རིག་སྒྲིག་ཆས་དང་རྒྱལ་སྤྱིའི་སྔོན་ཐོན་ལྟ་ཞིབ་ཚད་ལེན་སྒྲིག་ཆས་མཚོ་སྔོན་དུ་རྐང་ཚུགས་པར་བརྩོན་ལེན་བྱས་ཏེ། མཚོ་སྔོན་ལིན་ཧུའུ་དེ་རྒྱལ་ནང་དང་རྒྱལ་སྤྱིའི་རིགས་སོ་སོའི་ཚན་རིག་སྒྲིག་ཆས་ཀྱི་འཛམ་གླིང་རིམ་པའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་རྟེན་གཞི་དང་རྒྱལ་སྤྱིའི་འོད་རིག་གནམ་དཔྱད་ཞིབ་འཇུག་གི་རྟེན་གཞི་གལ་ཆེན་རུ་གསར་སྐྲུན་བྱས་ནས། མཚོ་སྔོན་ལིན་ཧུའུ་དེ་མིའི་རིགས་ཀྱིས་འཇིག་རྟེན་གྱི་གསང་བ་འཚོལ་ཞིབ་དང་ཚན་རིག་གྲུབ་འབྲས་གསོ་སྐྱོང་བྱེད་པའི་འབྱུང་ཁུངས་སུ་འགྱུར་བར་བྱེད་པ་དང་། གནམ་དཔྱད་ལྟ་ཞིབ་ཚད་ལེན་དང་ཚན་རིག་ཁྱབ་གདལ་སློབ་གསོ། རིག་གནས་ཡུལ་སྐོར་མྱོང་རོལ་གྱི་གཤིན་སར་འགྱུར་བར་བྱས་ནས། ཕྱོགས་སོ་སོའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱེད་དགོས། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
“མཚོ་སྔོན་ལིན་ཧུའུ་གནམ་དཔྱད་རྟེན་གཞིའི”མཉམ་སྐྲུན་མཉམ་ལས་སྤེལ།