མཚོ་སྔོན་གྱིས་ཁྲུང་ཁྲུང་སྐེ་ནག་གི་ཆེད་དམིགས་བརྟག་དཔྱད་ཐོག་མ་ལེགས་འགྲུབ་བྱས་པ།

1.jpg

ཁྲུང་ཁྲུང་སྐེ་ནག པར་འདི་ནི་མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲུའུ་ཡིས་འདོན་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་མངའ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་ཁ་གྲངས་དང་ཁྱབ་ཚུལ། འཚོ་གནས་ཁུལ་གྱི་གནས་ཚུལ། དེར་ཐེབས་པའི་ཉེན་ཁའི་རྒྱུ་རྐྱེན་སོགས་ཀྱི་གནས་ཚུལ་ལ་ཤེེས་རྟོགས་བྱ་ཆེད། ད་ལོར། མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་ལས་གཞིར་བརྟེན་ནས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སའོ་ལ་མངག་བཅོལ་བྱས་ཏེ་མཚོ་སྔོན་གྱི་ཁྲུང་ཁྲུང་སྐེ་ནག་ཆེད་དམིགས་བརྟག་དཔྱད་ཐོག་མ་སྤེལ་བ་མ་ཟད་ལེགས་འགྲུབ་བྱས་ཤིང་། ཐེངས་འདིའི་བརྟག་དཔྱད་ནི་འདི་རིགས་ཀྱི་བརྟག་དཔྱད་ཐོག་མ་རེད།

དུས་ཡུན་ཟླ5ལྷག་གི་རིང་། བརྟག་དཔྱད་རུ་ཁག་གིས་ཁྲུང་ཁྲུང་སྐེ་ནག་གིས་མཐོ་སྒང་དུ་འཚོ་བ་རོལ་བའི་ལོ་རྒྱུས་ཀྱི་སྐྱེ་འཕེལ་དུས་སྐབས་དང་དགུན་སྒྲོལ་གནས་སྤོ་དུས་སྐབས་གཉིས་ཀྱི་དུས་མཚམས་ལ་གཞིགས་ནས། དཔེ་མཚོན་ཐབས་ལམ་དང་ཐད་ཀར་རྩིས་རྒྱག་ཐབས་ལམ། བཅར་འདྲི་དང་དུས་མཉམ་བརྟག་བཤེར་སོགས་ཀྱི་ཐབས་ལམ་སྤྱད་དེ་སྔ་རྗེས་སུ་མཚོ་བྱང་ཁུལ་དང་མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། རྨ་ལྷོ་ཁུལ། ཡུས་ཧྲུའུ་ཁུལ། མགོ་ལོག་ཁུལ་སོགས་མངའ་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་ཁྱབ་ས་གཙོ་བོ་རུ་བརྟག་དཔྱད་བྱས་ཏེ། ཕྱོགས་ཡོངས་ནས་ཁྲུང་ཁྲུང་སྐེ་ནག་གི་མཚོ་སྔོན་གྱི་ཁྱུ་ཚོགས་ཁ་གྲངས་དང་ཁྱབ་ཚུལ། འཚོ་གནས་ཁྱད་ཆོས། དེར་ཐེབས་པའི་ཉེན་ཁ་དང་སྲུང་སྐྱོང་གི་གནས་བབ་བཅས་ལ་ཤེས་རྟོགས་གནང་། 

བརྟག་དཔྱད་ལས་རང་སྐྱོང་ཁུལ6དུ་ཁྲུང་ཁྲུང་སྐེ་ནག་གི་ཁྱབ་ས104ཡོད་པ་དང་། དེའི་ནང་སྐྱེ་འཕེལ་དུས་སྐབས་ཀྱི་ཁྱབ་ས103དུ་བསྡོམས་པས་ཁྲུང་ཁྲུང་སྐེ་ནག377ལྟ་ཞིབ་ཐུབ་པ་དང་། དགུན་སྒྲོལ་གནས་སྤོའི་སྔོན་དུ་ཁྱབ་ས1ཏུ་བསྡོམས་པས་ཁྲུང་ཁྲུང་སྐེ་ནག580ལ་ལྟ་ཞིབ་ཐུབ་ཡོད། དེའི་ནང་མཚོ་ནུབ་ཁུལ་དུ་གྲངས་འབོར་ཆེས་མང་བ་ཡིན་ཞིང་། བསྡུར་ཚད་ཀྱི་ཟིན་ཚད46.84%ལ་སླེབས་ཤིང་། དེའི་འཕྲོར་མཚོ་བྱང་ཁུལ་ཡིན་ལ24.67%ཟིན་ཡོད།

"གཞི་གྲངས་ཆེན་མོའི་བརྟག་དཔྱད་གསོག་ཉར་བྱས་པ་བརྒྱུད། མཚོ་སྔོན་གྱི་དབུས་བྱང་རྒྱུད་ནི་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ལ་རན་ཚད་མཐོ་ཤོས་ཡིན་ཞིང་། དེའི་རྒྱ་ཁྱོན20408.67km^2ཡོད་ལ་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི2.83%ཟིན་ཡོད། ཤར་རྒྱུད་དང་ནུབ་བྱང་རྒྱུད་ནི་འཚོ་གནས་ལ་རན་ཚད་འབྲིང་ཤོས་ཡིན་པ་དང་། ལྷོ་རྒྱུད་ཀྱི་ས་ཁུལ་ཁ་ཤས་ནི་འཚོ་གནས་ལ་རན་ཚད་དམའ་ཤོས་རེད། གཞན་ཡང་། ཏ་ཚེ་ཏན་ཡུས་ཁ་ཤང་དང་རྐང་ཚ་རྫོང་ཁེ་རམ་ཐང་། ཆུ་ནག་མགོ་ཁུངས་ཀྱི་བརླན་ས། གཙང་གསུམ་འབྱུང་ཡུལ་གྱི་བརླན་ས་ཁུལ་སོགས་ས་ཁོངས་སུ་ཁྱབ་ཡོད།"ཞེས་ཞིང་ཆེན་ནགས་རྩྭ་ཅུའུ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཚེ་ཕིང་གིས་མཚམས་སྦྱོར་བྱས།

རྒྱུས་ལོན་པ་ལྟར་ན། འཛམ་གླིང་ཡོངས་སུ་ད་ལྟ་ཁྲུང་ཁྲུང་གི་རིགས15ཡོད་པ་དང་། དེའི་ནང་ཁྲུང་ཁྲུང་སྐེ་ནག་ནི་མིག་སྔར་འཛམ་གླིང་གི་ཁྲུང་ཁྲུང་རིགས15ཡི་ཁྲོད་ཚེ་གང་བོར་མཐོ་སྒང་གི་བརླན་ས་རུ་འཚོ་བ་རོལ་བ་དང་སྐྱེ་འཕེལ་བྱེད་པའི་ཁྲུང་ཁྲུང་གི་རིགས་གཅིག་པུ་ཡིན་ཞིང་། འཚོ་གནས་བྱེད་ས་གཙོ་བོའི་ས་བབ་ནི་སྨི2500ནས་སྨི5000གི་མཐོ་སྒང་འདམ་རྫབ་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ཉེན་ཆེ་བའི་དངོས་རིགས་ཀྱི་མིང་མཛོད་དམར་པོའི་འཇིག་ཉེན་ཆེ་བའི་དངོས་རིགས་ནང་ཚུད་ཡོད་པ་དང་། ཁྱབ་ས་གཙོ་བོ་ནི་ཀྲུང་གོའི་མཚོ་བོད་མཐོ་སྒང་དང་ཡུན་ཀོས་མཐོ་སྒང་ཡིན་པས། མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་གི་དངོས་རིགས་གཙོ་བོ་དང་། སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་གསལ་སྟོན་བྱེད་པའི"ཕྱོགས་སྟོན་པ"ཡིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།