ལིའུ་ཐའོ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ལས་བགོས་འགན་གཉེར་འབྲེལ་གཏུག་སྡེ་ཁག་གི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་གྲོས་ཚོགས་ལ་མགོ་འཛིན་གནང་ནས། ལས་བགོས་འགན་གཉེར་འབྲེལ་གཏུག་སྡེ་ཁག་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་སློབ་སྦྱོང་གི་མྱོང་ཚོར་བརྗེ་རེས་དང་བྱ་བ་དོན་འཁྱོལ་བྱེད་པར་ཞིབ་འཇུག་གནང་། དགོངས་དོན་གྱི་སྙིང་པོ་ཁོང་དུ་ཆུད་པ་དང་དོན་སྙིང་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ་སློབ་སྦྱོང་གི་སྤྲོ་སེམས་ནི་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས་པར་ནན་གྱིས་བསྟན། ཚོགས་ཞུགས་སྡེ་ཁག་གི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གྱིས་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་གནང་།

ལིའུ་ཐའོ་ཡིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི“བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་འབེན་ལོ་རྒྱུས་ཀྱི་འབྲེལ་མཚམས་དུས་སྐབས་སུ་འཚོགས་པའི་བདེན་དཔང་གི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《གྲོས་ཆོད》ནི་འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ལ། ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི“གཏན་འཁེལ་གཉིས”དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་དེང་སྐབས་དང་མ་འོངས་པའི་དུས་སྐབས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། སང་ལོའི་བྱ་བ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས་པར་བསྟན།

ལིའུ་ཐའོ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པའི་ཐད་ཤུགས་སྣོན་བརྒྱབ་ནས། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་གཙོ་གནད་དམ་འཛིན། དོན་དངོས་དང་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ལ་གཞི་འཛུགས་པ་དང་། “ས་ཁུལ་བཞི”འཛུགས་སྐྲུན་ལ་དམིགས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། འགྱུར་ལྡོག་གི་ཐབས་ལམ་གཏོད་པ། དཔེ་མཚོན་གྱི་མིག་དཔེ་གཏོད་པ། སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་མིག་དཔེ་འདོན་པར་བརྩོན་ལེན་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་གྱིས་བསྐྲུན་པ་དང་། རང་བྱུང་ཐོན་ཁུངས་ཀྱི་དོ་དམ་ནུས་པ་མཐོ་རུ་གཏོང་བ། ནགས་ཚལ་དང་རྩྭ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པ། ཏང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་དོན་འཁྱོལ་བྱེད་པར་ནན་གྱིས་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐྱེ་ཁམས་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།