མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཐད་གཏོགས་མགོ་ཁྲིད་ལས་བྱེད་པའི་ཉེན་བརྡའི་སློབ་གསོ་ཚོགས་ཆེན་བསྡུས། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པར་མ་ཟད། ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་བསྒྲགས་ལ། ལྡོག་ཕྱོགས་ཀྱི་དཔེ་མཚོན་མེ་ལོང་དུ་བཟུང་ནས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཕུགས་འདུན་དད་སེམས་བརྟན་པོར་འཛུགས་པར་སློབ་གསོ་སྣེ་ཁྲིད་བྱས་ཤིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། བློ་དཀར་དག་གཙང་དང་ཁུར་ཐེག་ཕོད་པའི་རང་རྟོགས་དང་རང་འགུལ་གྱིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་སྤེལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་ཆེན་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ལྡོག་ཕྱོགས་དཔེ་མཚོན་གྱིས་རུལ་སུངས་གནད་དོན་གསལ་འདོན་བྱས་པ་དང་། ཏང་གཤིས་གོ་རྟོགས་མངོན་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་ནན་འདྲི་བྱས་ཤིང་། ཆབ་སྲིད་བློ་དཀར་ལ་ཞིབ་དཔྱད་བྱས་པར་མ་ཟད། ཏང་ནན་མོས་སྐྱོང་བ་མཚོན་པར་བྱས་ཡོད། ཏང་ལ་བློ་དཀར་ན“སྲུང་སྐྱོབ་གཉིས”ལག་བསྟར་བྱེད་དགོས། ཏང་ལ་བློ་དཀར་བ་ནི་བྱེ་བྲག་དང་ལག་ལེན། ལྷད་མེད། ཆ་རྐྱེན་མི་དགོས་པ་ཞིག་ཡིན་པས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི《གྲོས་ཆོད》ལ་རྒྱབ་སྐྱོར་དང་བརྩི་བཀུར། ཡིད་ཆེས་བྱེད་པ་དང་། ལྷག་པར་དུ“གཏན་ཁེལ་གཉིས”ཞེས་པ་འདིའི་ཆབ་སྲིད་ཀྱི་གྲུབ་འབྲས་ཆེས་གལ་ཆེན་པོ་དང་དུས་རབས་གསར་པའི་ཀྲུང་གོའི་ཆེས་ཆེ་བའི་ཆབ་སྲིད། ཆེས་གལ་ཆེ་བའི་ཆབ་སྲིད་སྒྲིག་ལམ། ཆེས་རྩ་བའི་ཆབ་སྲིད་སྒྲིག་ལམ་ཁྲོད་འདུས་པའི་ཤེས་བྱའི་འདུས་ཚད་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། བསམ་བློའི་འདུས་ཚད་ཀྱིས་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པ། སྙིང་སྟོབས་འདུས་ཚད་ཀྱིས་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། རིན་ཐང་འདུས་ཚད་ཀྱིས་འཚོལ་སྙེག་གཏན་ཁེལ་བྱས་ཏེ། ནམ་ཡང་ཏང་ལ་བློ་དཀར་བ་དང“སྲུང་སྐྱོབ་གཉིས”ལག་བསྟར་བྱེད་པའི་རྨང་གཞི་བརྟན་པོར་བྱེད་དགོས། ཕུགས་འདུན་དད་སེམས་ཇེ་བརྟན་དུ་བཏང་ནས། རྒྱུགས་ལེན་གསར་པའི་ལམ་དུ་བརྟན་པོར་བསྐྱོད་དགོས། ཕུགས་འདུན་དད་སེམས་ལ་བལྟས་ན་གཟུགས་མེད་ཀྱང་། ངོ་བོའི་རྣམ་པ་ལྡན་པས། ངེས་གཏན་བྱས་ཚེ་བརྟན་སྲུང་བྱེད་དགོས་ལ། མི་ཚེ་གང་བོར་ཡིད་ཆེས་བྱེད་པ་དང་། ཚེ་གང་བོར་བརྟན་སྲུང་དང་ཚེ་གང་བོར་ཕན་ཐོགས་སུ་འཇུག་དགོས། མི་ཚེའི་རྟག་བརྟན་གྱི་བདེ་སྐྱིད་ནི་སྤྱིར་བཏང་གི་མི་ཞིག་བྱེད་རྒྱུ་དེ་ཡིན་ལ། ཕུགས་འདུན་དད་སེམས་བརྟན་པོ་ལྡན་པའི་མི་དཀྱུས་མ་ཞིག་བྱེད་རྒྱུ་ནི་བླ་ན་མེད་པ་ཞིག་ཡིན། ཕུགས་འདུན་དད་སེམས་ལ་བརྟེན་ནས་མགོ་རྨོངས་ཐེ་ཚོམ་གྱི་ལྟ་བ་དང་། དུས་རབས་དང་མི་མཐུན་པའི་བསམ་ཚུལ། སྒེར་སེམས་ཀྱི་བསམ་ཕྱོགས། སྒྱིད་ལུག་ལྷོད་གཡེང་གི་བློ་ཁ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནས་ཚུལ། མི་དམངས་མང་ཚོགས་མི་དགའ་བའི་སྤྱོད་ཚུལ་བཅས་ཡོད་ཚད་མེད་པར་བཟོས་ཏེ། ཕུགས་འདུན་ལ་བརྟེན་ནས་རྒྱུགས་ལེན་པར་བསྐྱོད་པའི་བགྲོད་ལམ་གསལ་སྟོན་བྱེད་པ་དང་། དད་སེམས་ནུས་ཤུགས་ཀྱིས་རྒྱུགས་ལེན་པར་བསྐྱོད་པའི་ལེའུ་བཟང་པོར་རྩོམ་དགོས། ནམ་ཡང་སློབ་སྦྱོང་ལ་དོ་སྣང་བྱེད་པ་དང་། བྱ་བ་བཟང་པོར་བསྒྲུབ་པའི་ནུས་པ་ཁོང་དུ་ཆུད་པར་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ལ་སེམས་གདེང་ཡོད་དགོས་ན། གཅིག་ནས་སློབ་སྦྱོང་ལ་བརྟེན་པ་དང་གཉིས་ནས་ལག་ལེན་ལ་བརྟེན་དགོས། “ཆེ་ཤོས་གསུམ”གྱི་གནས་ཐིག་གཏན་ཁེལ་དང“བདེ་འཇགས་གསུམ”གྱི་གོ་གནས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱིའི་བདེ་འཇགས་ལྟ་བ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སྲུང་སྐྱོབ་པ་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་མོས་སྐྱོང་བ་བཅས་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་དགོས།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་རྒྱུ་དེ་ཆབ་སྲིད་ཀྱི་གཤིས་ཀ་གཙོ་བོ་རུ་བརྩིས་ནས། རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དྭངས་གཙང་གི་ཏང་གཤིས་དེ་རང་རྟོགས་ཀྱི་ཆབ་སྲིད་འཚོལ་སྙེག་དུ་བརྩིས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་རྒྱུན་འཁྱོངས་བྱེད་པ་དང་། བདེན་ལུགས་དང་ཡིད་རྟོན། མདུན་སྐྱོད་བཅས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དེ་ཆབ་སྲིད་ཀྱི་གཞི་རྩའི་རེ་བ་རུ་བརྩིས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་དང་རིག་གནས། སྐྱེ་ཁམས་བཅས་ལ་བརྩི་བཀུར་བྱེད་པ། ཇུས་ཆོད་གཟབ་ནན་གྱིས་འགོད་པ་དང་དབང་ཆ་སེམས་ཆུང་སྒོས་སྤྱོད་དགོས། ཐོག་མཐའ་བར་གསུམ་དུ་སྲིད་གཙང་སྤྱོད་བཟང་དེ་སྤྱོད་ལམ་གཙོ་བོར་བརྩིས་ནས། དོན་ཆུང་ལ་དོ་སྣང་བྱེད་པ་དང་། ཚེགས་ཆུང་ཡང་བསྲུངས་ནས། དོན་ཆུང་ཚེགས་ཆུང་ལ་དོ་དམ་ལེགས་པོ་བྱེད་པའི་ཁྲོད་སྲིད་སྐྱོང་གི་ཀུན་སྤྱོད་བརྟན་སྲུང་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། དམངས་གཙོ་ཏང་ཁག་དང་མཐོ་རིམ་སློབ་གླིང་། ཞིང་ཆེན་ཐད་གཏོགས་ཁེ་ལས་ཀྱི་ཞིང་ཆེན་ཐད་གཏོགས་མགོ་ཁྲིད་ལས་བྱེད་པ། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུ་ལ་ཞུགས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།