མཚོ་སྔོན་གྱིས་ལེང་ཧུའུ་ནི་རྒྱལ་སྤྱིའི་གནམ་དཔྱད་ལྟ་ཞིབ་རྟེན་གཞི་རྩེ་གྲ་རུ་གསར་སྐྲུན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་གྱི་ལེང་ཧུའུ་རྒྱལ་སྤྱིའི་རྩེ་གྲའི་གནམ་དཔྱད་ལྟ་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཀྲུང་གོའི་ཚན་རིག་གླིང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་མཚོ་སྔོན་ལེང་ཧུའུ་ས་ཁུལ་གྱི་འོད་རིག་པའམ་དམར་ཕྱིའི་འོད་གནམ་དཔྱད་སྟེགས་བུའི་ས་ཚིགས་རྩད་ཞིབ་ཐིག་འདེམ་བྱ་བར་གྲུབ་འབྲས་གལ་ཆེན་བླངས་ཤིང་། དེས་མཚོ་སྔོན་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞི་ལ་རྒྱལ་སྤྱིའི་རྒྱང་མཐོང་གསལ་ཚད་རྩེ་གྲ་དང་ཕྱོགས་བསྡུས་ཆ་རྐྱེན་ཕུན་སུམ་ཚོགས་པོ་འཛོམས་པ་མངོན་ཡོད་པ་དང་། རང་རྒྱལ་གྱི་མ་འོངས་པའི་གནམ་དཔྱད་ལྟ་ཞིབ་སྒྲིག་ཆས་ཀྱི་སྦས་ཤུགས་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་མ་ཟད། རང་རྒྱལ་འོད་རིག་གནམ་དཔྱད་དང་བརྟན་སྐར་ཚན་རིག དབྱིངས་རིམ་ཟབ་མོར་འཚོལ་ཞིབ་སོགས་རིག་ཚན་གྱི་མ་འོངས་པའི་འཕེལ་རྒྱས་ལ་གོ་སྐབས་གལ་ཆེན་འདོན་སྤྲོད་བྱེད་ཐུབ་ངེས་པས། མཚོ་སྔོན་ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞི་ནི་དེར་བརྟེན་ནས་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དཀོན་པོར་གྱུར་ཡོད། 

ཁྱབ་སྒྲོག་ཚོགས་འདུའི་སྟེང་། རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ལེང་ཧུའུ་རྟེན་གཞིའི་དབུ་བཞུགས་ཞིབ་འཇུག་པ་ཏེང་ལི་ཚའེ་ཡིས་མཚོ་སྔོན་ལེང་ཧུའུ་ས་ཁུལ་གྱི་འོད་རིག་པའམ་དམར་ཕྱིའི་འོད་གནམ་དཔྱད་སྟེགས་བུའི་ས་ཚིགས་རྩད་ཞིབ་ཐིག་འདེམ་བྱ་བའི་གྲུབ་འབྲས་གལ་ཆེན་བསྒྲགས། གནས་འདེམ་རུ་ཁག་གིས་བསྟུད་མར་ལོ་གསུམ་གྱི་ལྟ་ཞིབ་གཞི་གྲངས་ལ་རྨང་བྱས་ནས། མཚོ་སྔོན་ལེང་ཧུའུ་གསེར་ཐང་རི་བོ་ནི་འོད་རིག་པའམ་དམར་ཕྱིའི་འོད་གནམ་དཔྱད་ལྟ་ཞིབ་སྟེགས་བུའི་ས་ཚིགས་ལེགས་ཤོས་ཡིན་པར་དབྱེ་ཞིབ་བྱས་ཏེ་གཏན་ལ་ཕབ། མཚོ་སྔོན་ལེང་ཧུའུ་གནམ་དཔྱད་སྟེགས་བུའི་ས་ཚིགས་ཀྱི་མཚན་མོར་གནམ་ཐང་བའི་བསྡུར་ཚད་དང་། རྒྱང་མཐོང་གསལ་ཚད།(མཁའ་དབུགས་བརྟན་ཚད།) འབབ་རུང་ཆུ་རླངས། མཁའ་དབུགས་དྲག་རྒྱུག་ཆགས་རིམ་སོགས་དམིགས་ཚད་ལ་ལྟ་ཞིབ་བརྒྱུད་དེ་མངོན་པ་ལྟར་ན། ལེང་ཧུའུ་གསེང་ཐང་རི་བོའི་ཁུལC(མཐོ་ཚད་སྨི4200ཡི་རྟགས་བཀོད་ས)ཡི་རྒྱང་མཐོང་གསལ་ཚད་ཀྱི་བར་གྲངས་ནི་ཟུར་སྐར0.75རེད། ཕྱོགས་བསྡུས་ཞིབ་བསྡུར་བྱས་རྗེས། ལེང་ཧུའུ་སྟེགས་བུའི་ས་ཚིགས་དེ་རྒྱལ་སྤྱིའི་གནམ་དཔྱད་སྟེགས་བུའི་ས་ཚིགས་ཆེས་ལེགས་ཤོས་ཀྱི་ཞ་ཝའེ་དབྱི་མོ་ན་ཁ་ཡ་རི་བོ་དང་ཀྲི་ལི་ཀུ་གནམ་དཔྱད་སྟེགས་བུ་སོགས་དང་བསྡུར་ན་གཞི་རྩའི་སྟེང་འདྲ་མཉམ་རེད། ལེང་ཧུའུ་གནམ་དཔྱད་ལྟ་ཞིབ་རྟེན་གཞི་བཙུགས་པ་དེས། མ་འོངས་པར་གཞི་རྒྱ་ཆེ་བའི་འོད་རིག་པའམ་དམར་ཕྱིའི་འོད་ལྟ་ཞིབ་སྒྲིག་ཆས་ཞིབ་འཇུག་བཟོ་སྐྲུན་དང་རྒྱལ་སྤྱིའི་མཉམ་ལས་སྤེལ་བར་དོན་སྙིང་ཤིན་ཏུ་གལ་ཆེ་ལ། ཀྲུང་གོ་མ་ཟད་འཛམ་གླིང་གནམ་དཔྱད་བྱ་གཞག་འཕེལ་རྒྱས་ལ་རྨང་གཞི་གལ་ཆེན་ཞིག་འདོན་སྤྲོད་བྱས་ཡོད་ཅིང་། མཚོ་སྔོན་ལ་མཚོན་ན་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཚན་རྩལ་འཐབ་ཇུས་བཀོད་སྒྲིག་ནང་འདྲེས་པར་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།